བལ་ཡུལ་གྱི་ཞི་འགྲིག་ལས་དོན་ནར་འགྱང་དུ་གྱུར་ཡོད་པ་རེད།

མའོའི་དམར་ཤོག་ཚོགས་པས་བལ་ཡུལ་ཁྱོན་ཡོངས་ནང་ངོ་རྒོལ་ལས་འགུལ་སྤེལ་བཞིན་པར་བརྟེན་ཞི་འགྲིག་ལས་དོན་ནར་འགྱང་དུ་གྱུར་ཡོད་པ།

2009.11.16

༄༅༎བལ་ཡུལ་མའོའི་དམར་ཤོག་ཚོགས་པས་བལ་ཡུལ་ཁྱོན་ཡོངས་ནང་ངོ་རྒོལ་ལས་འགུལ་སྤེལ་བཞིན་པར་བརྟེན་ཞི་འགྲིག་ལས་དོན་ནར་འགྱང་དུ་གྱུར་ཡོད་པ་རེད། མའོའི་དམར་ཤོག་ཚོགས་པའི་འགོ་ཁྲིད་པུཤི་པ་ཀ་མཱལ་རྡ་ཧལ་གྱིས་གློག་བརྙན་འཁྲབ་སྟོན་པ་ཞིག་དང་ལྷན་ཅིག་ཏུ་གཞུང་ལམ་ངོ་རྒོལ་འགོ་ཁྲིད་བྱེད་སྐབས་གར་འཁྲབ་པའི་འདྲ་པར་བལ་ཡུལ་གསར་ཤོག་མང་ཆེ་བའི་ནང་ཐོན་ཡོད་པ་རེད།

འདས་པའི་ལོ་མང་རིང་དྲག་པོའི་ངོ་རྒོལ་ལས་འགུལ་ནང་མི་གྲངས་ཆིག་ཁྲི་དྲུག་སྟོང་ལྷག་གི་ཚེ་སྲོག་ཤོར་ཡོད་ཅིང་ཁྲིམས་བཟོའི་འཐུས་མིའི་རྒྱལ་ཡོངས་འོས་བསྡུའི་ནང་འོས་གྲངས་བརྒྱད་ཆ་བཞི་བཅུ་ཐོབ་སྟེ་གཞུང་འཛིན་བྱེད་པོར་གྱུར་ཀྱང་རང་མོས་ཀྱིས་སྲིད་འཛིན་ལ་ངོ་རྒོལ་ཚུལ་དུ་གཞུང་འཛིན་ནས་དགོངས་ཞུ་གནང་སྟེ་སླར་ཡང་ངོ་རྒོལ་ལས་འགུལ་བརྩམས་པ་རེད། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་དོན་གཅོད་ཀྱིས་གསུངས་ན་བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་གིས་དབང་ཆའི་འཐབ་རྩོད་རྒྱབ་བསྐྱུར་བྱས་ཏེ་ཞི་འགྲིག་ལས་དོན་མ་གནང་བར་ནར་འགྱང་བྱས་ན་རྒྱལ་ཚོགས་ཀྱི་ཞི་འགྲིག་ལས་དོན་ལ་བལྟ་རྟོགས་ཀྱི་འགན་འཁུར་དུས་ཚོད་ངེས་མེད་བར་གནང་ཐབས་མེད་ལུགས་ཉེན་བརྡ་བཏང་གནང་འདུག

བལ་ཡུལ་མའོའི་དམར་ཤོག་ཚོགས་པའི་འགོ་ཁྲིད་པུཤི་པ་ཀ་མཱལ་རྡ་ཧལ་གྱིས་གལ་ཏེ་མའོའི་དམར་ཤོག་ཚོགས་པའི་ད་ཡོད་ཀྱི་ལས་འགུལ་ལ་བལ་ཡུལ་གཞུང་གིས་དགོངས་བཞེས་མ་གནང་ན་བལ་ཡུལ་ཁྱོན་ཡོངས་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་རིམ་པ་གསུམ་པ་ཞིག་སྤེལ་རྒྱུའི་ཉེན་བརྡ་བཏང་འདུག མའོའི་དམར་ཤོག་ཚོགས་པའི་དགོས་འདུན་བཏོན་པ་ནི་ཞི་བའི་མི་མང་གི་དབང་ལུང་ཁྱབ་བསྒྱུར་བླ་མེད་ཡིན་པར་ངོས་འཛིན་བྱེད་དགོས་ཞེས་བརྗོད་ཀྱི་ཡོད་ཅིང་དེ་ནི་མའོའི་དམར་ཤོག་ཚོགས་པའི་གཞུང་འཛིན་བྱེད་སྐབས་དྲག་པོའི་དམག་སྤྱི་གནས་དབྱུངས་བཏང་བར་སྲིད་འཛིན་གྱིས་བཀོད་ཁྱབ་ནུས་མེད་དུ་བཏང་བ་དེར་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། མདོ་དོན་སྲིད་འདིན་གྱིས་བཀོད་ཁྱབ་བཏང་བ་ཕྱིར་བསྡུ་གནང་དགོས་པའི་དགོས་འདུན་བཏོན་འདུག ཡང་དེའི་སྔོན་དུ་མའོའི་དམར་ཤོག་ཚོགས་པའི་འགོ་ཁྲིད་རིམ་པ་གཉིས་པ་སྦ་སྦུ་རམ་སྦ་ཊ་རའེ་ཡིས་སླར་ཡང་བལ་ཡུལ་གཞུང་གིས་མའོའི་དམར་ཤོག་ཚོགས་པའི་ངོ་རྒོལ་བ་རྣམས་ལ་དྲག་གནོན་བྱས་ན་ཡ་ལན་སློག་རྒྱུའི་ཉེན་བརྡ་བཏང་འདུག ལྷག་དོན་དུ་མའོའི་དམར་ཤོག་ཚོགས་པའི་ངོ་རྒོལ་བ་རྣམས་ཀྱིས་གཞུང་གི་ལྷན་ཁང་ཁག་གི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་ཏེ་གཞུང་གི་ལས་དོན་ལ་འགོག་རྐྱེན་བྱེད་བཞིན་པ་རེད། མའོའི་དམར་ཤོག་ཚོགས་པས་ཁྲོམ་གཞུང་དང་གཞུང་ཁང་སོགས་ཀྱི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ་མ་ཟད་བལ་ཡུལ་གྲོས་ཚོགས་ཚོགས་གྲོལ་བྱེད་དུ་མ་བཅུག་པར་བརྟེན་བལ་ཡུལ་གཞུང་གི་དངུལ་རྩིས་གྲོས་ཚོགས་ནས་བཀའ་འཁྲོལ་གཏོང་མ་ཐུབ་པར་ནར་ལུས་གྱུར་ཡོད་པ་དང་འདི་མུར་གནས་ན་གཞུང་གི་ལྷན་ཁང་ཁག་དང་ཁྱབ་ཁོངས་བཅས་པའི་གཞུང་ཞབས་རྣམས་གླ་ཕོགས་དུས་ཐོག་སྤྲོད་མི་ཐུབ་པའི་དཀའ་ངལ་འཕྲད་ངེས་སུ་གྱུར་ཡོད་པ་རེད། བལ་ཡུལ་གཞུང་གི་སྲིད་བློན་གཞོན་པ་སྦེ་ཇེ་ཀུ་མའར་ག་ཆེ་རྡར་གྱིས་གསུངས་ན་ད་ཡོས་ཀྱི་གཞུང་ལ་སྲིད་དོན་ཚོགས་པ་ཉི་ཤུ་རྩ་གཉིས་དང་མི་མང་བརྒྱད་དྲུག་བཅུ་བརྒལ་བས་རྒྱབ་སྐྱོར་ཡོད་པས་རྒྱལ་ཡོངས་ཀྱི་གཞུང་ཞིག་ཡིན་པར་ངོས་འཛིན་བྱེད་དགོས་ཞིང་མའོའི་དམར་ཤོག་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ཚོགས་བཞུགས་བྱེད་ཀྱི་མེད་ཀྱང་དེ་བྱིངས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་དངུལ་རྩིས་བཀའ་འཁྲོལ་བཏང་ན་འཐུས་ལེགས་ཡོང་རྒྱུ་ཡིན་ལུགས་གཏམ་བཤད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎