གསང་བའི་ཐོག་ནས་ཞུགས་འབུལ།
2013.09.14

༄༅༎ཉེ་སྔོན་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་སྐོར་ལམ་དུ་བོད་དོན་ཆེད་རང་ལུས་མེ་བསྲེགས་གཏོང་མཁན་བོད་མི་ཀརྨ་ངེས་དོན་རྒྱ་མཚོ་ལགས་ཀྱི་སྐུ་ཕུང་བལ་ཡུལ་གཞུང་གིས་འབྲེལ་ཡོད་ལ་རྩིས་སྤྲོད་བྱས་མེད་པ་མ་ཟད་གསང་བའི་ཐོག་ནས་སྐུ་ཕུང་ཞུགས་འབུལ་བྱས་ཟིན་ལུགས་ཀྱི་གནས་ཚུལ་འདུག།
ཁ་ས་ཚེས་༡༣ཉིན་བལ་ཡུལ་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། འདི་ལོ་ཕྱི་ཟླ་༨པའི་ཚེས་༦ཉིན་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་ཆེན་མོའི་སྐོར་ལམ་ནང་མའི་ནང་། བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་གནང་མཁན་དགེ་འདུན་པ་ཀརྨ་ངེས་དོན་རྒྱ་མཚོ་ལགས་ཀྱི་སྐུ་ཕུང་བལ་ཡུལ་ཉེན་རྟོག་པས་སྨན་ཁང་གི་འཁྱག་སྒམ་ནང་བཞག་སྟེ་བོད་མིའི་ཚོགས་སྡེ་སོགས་འབྲེལ་ཡོད་སུ་ལ་ཡང་རྩིས་སྤྲོད་མ་བྱས་པར། ཟླ་བ་འདི་ཚེས་༢ཉིན་གྱི་དགོང་མོ་བལ་ཡུལ་གྱི་ཉེན་རྟོག་པས་ཀརྨ་ངེས་དོན་རྒྱ་མཚོ་ལགས་ཀྱི་སྐུ་ཕུང་གསང་བའི་ཐོག་ནས་མེ་བསྲེགས་བཏང་ཡོད་པར་བརྗོད་འདུག་ལ་དེའི་ཐོག་ཞིབ་ཕྲའི་གནས་ཚུལ་རྩད་ཞིབ་བྱེད་མུས་ཡིན༎