བལ་ཡུལ་གཞུང་གིས་བོད་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན་པ་བསྐྱར་བཟློས་བྱས་འདུག

བལ་ཡུལ་གྱི་དམར་ཕྱོགས་ཚོགས་པའི་སྲིད་དོན་པ་རྒན་པ་ཁེ་པི་ཤར་མཱ་ཨོ་ལི་(K.P. Sharma Oli)་ཡིས་ད་ལོའི་ཕྱི་ཟླ་བདུན་པར་ཁོང་གིས་བལ་ཡུལ་གྱི་སྲིད་བློན་གྱི་འགན་ཐེངས་བཞི་བ་དེ་བཞེས་རྗེས། ཐེངས་དང་པོར་ཕྱི་ཟླ་༡༢པའི་ཚེས་༢་རེས་གཟའ་ཟླ་བ་ནས་བཟུང་ཉིན་གྲངས་བཞིའི་རིང་རྒྱ་ནག་ཏུ་གཞུང་འབྲེལ་གཟིགས་སྐོར་ཐོག་མ་དེ་གནང་ཡོད་པ་དང་། འདི་ནི་ཁོང་ད་ལོར་ཡང་བསྐྱར་བལ་ཡུལ་གྱི་སྲིད་བློན་ཆགས་པ་ནས་ཕྱིའི་རྒྱལ་ཁབ་ཀྱི་གཟིགས་སྐོར་ཐེངས་དང་པོ་དེ་ཡིན་པ་རེད། དེ་འབྲེལ་ཟླ་༡༢ཚེས་༣ ཉིན་རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། བལ་ཡུལ་གྱི་ཕྱོགས་ནས་བོད་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན་པ་བསྐྱར་བཟློས་བྱས་པ་དང་། བལ་ཡུལ་རྒྱལ་ནང་དུ་རྒྱ་ནག་ལ་ངོ་རྒོལ་བྱེད་པའི་ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་རིགས་གང་ཡང་སྤེལ་དུ་འཇུག་རྒྱུ་མིན་ཞེས་གསལ་སྟོན་བྱས་བ་དང་མཉམ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ནི། རྒྱ་ནག་ཡོངས་རྫོགས་ཀྱི་ཁྲིམས་མཐུན་གཞུང་གཅིག་པུ་དེ་ཡིན་པ་དང་། ཐེ་ཝན་ནི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་མངའ་ཁོངས་ཀྱི་ཆ་ཤས་ཞིག་ཡིན་པར་ངོས་འཛིན་བྱས་ཏེ་བལ་ཡུལ་གྱིས་རྒྱ་ནག་གི་རྒྱལ་ཁབ་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་པ་དང་ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་རྒྱུ་ཚུལ་སོགས་བཀོད་འདུག
གནད་དོན་དབྱེ་ཞིབ་པ་ཚོས་དེ་ནི་ནམ་རྒྱུན་བལ་ཡུལ་གྱི་སྲིད་བློན་གྱིས་གཞུང་འབྲེལ་གཟིགས་སྐོར་ཐོག་མ་དེ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ནང་འགྲོ་སྲོལ་ཡོད་པའི་སྲོལ་རྒྱུན་ལས་བརྒལ་ཏེ། ད་རེས་རྒྱ་ནག་ནང་ཕྱིན་པ་ནི་བལ་ཡུལ་གྱིས་རྒྱ་ནག་ཕྱོགས་ཀྱི་དཔལ་འབྱོར་རོགས་སྐྱོར་དེ་ལས་མང་པོ་ཐོབ་ཆེད་ཀྱིས་རྒྱ་གར་དང་རྒྱང་བཀྱེད་བྱེད་རྩིས་ཡོད་པར་ངོས་འཛིན་གནང་གི་ཡོད་ཀྱང་། བོད་གནས་ཉམས་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ནས་སྤྱིར་བཏང་བལ་ཡུལ་གྱི་གནས་སྟངས་ཆ་ནས་རྒྱ་ནག་གི་དཔལ་འབྱོར་རོགས་སྐྱོར་དང་མ་བསྟུན་རང་བསྟུན་ཆགས་པ་ལས། རྒྱ་གར་དང་བལ་ཡུལ། རྒྱ་ནག་བཅས་ཀྱི་འབྲེལ་ལམ་ཐད་འགྱུར་བ་ཆེན་པོ་འགྲོ་རྒྱུ་མིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིར་བལ་ཡུལ་གྱི་སྲིད་བློན་ཨོ་ལི་ཡིས་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་(Xi jinping)་དང་སྲིད་བློན་ལི་ཆང་སོགས་དང་མཇལ་འཕྲད་ཀྱིས་རྒྱ་ནག་དང་བལ་ཡུལ་བར་མཉམ་འབྲེལ་གསལ་བསྒྲགས་དོན་ཚན་བཅུ་གཉིས་ཅན་ཞིག་སྤེལ་ཏེ། རྒྱ་ནག་དང་བལ་ཡུལ་གཉིས་ཀྱི་མཐའ་མཚམས་འབྲེལ་ལམ་དང་ཐུན་མོང་གི་དོ་ཁུར་བྱེད་སའི་རྒྱལ་སྤྱིའི་ས་ཁུལ་གནད་དོན་སོགས་ཀྱི་ཐད་བསམ་ཚུལ་བརྗེ་རེས་དང་། ལྷག་པར་དོན་ཚན་གསུམ་པའི་ནང་རྒྱ་ནག་གཅིག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་གྱིས། ཐེ་ཝན་རང་བཙན་དང་བལ་ཡུལ་ས་ཐོག་ནས་ཁ་བྲལ་ལས་འགུལ་སྤེལ་དུ་འཇུག་རྒྱུ་མིན་ཚུལ་དང་། བལ་ཡུལ་ནས་བོད་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ལ་ངོས་འཛིན་གྱི་ལངས་ཕྱོགས་བསྐྱར་ཟློས་བྱས་བ་སོགས་བཀོད་འདུག་པ་མ་ཟད། རྒྱ་ནག་དང་བལ་ཡུལ་བར་དཔལ་འབྱོར་གྲོས་མཐུན་བཞག་ཟིན་པ་དེ་དག་ལག་ལེན་བྱེད་རྒྱུ་ཡིན་ཚུལ་བཀོད་འདུག

བོད་གནས་ཉམས་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་བལ་ཡུལ་གྱིས་རྒྱ་ནག་དང་ལྷན་དུ་དཔལ་འབྱོར་མ་དངུལ་ཨ་སྒོར་ས་ཡ་མང་པོའི་རོགས་སྐྱོར་སྐོར་གྲོས་མཐུན་བཞག་ཡོད་པ་མ་ཟད། ད་དུང་མུ་མཐུད་དུ་དཔལ་འབྱོར་རོགས་སྐྱོར་ཐོབ་ཆེད་ཁས་ལེན་གྱི་སྐད་ཆ་དེ་དག་བཤད་དགོས་ཀྱི་ཡོད་པ་དང་། དངོས་གནས་བྱས་ན་བལ་ཡུལ་དང་རྒྱ་གར་བར་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་འབྲེལ་ལམ་ཟབ་མོ་ཡོད་པའི་ཆ་ནས་འབྲེལ་ལམ་ཐག་ཉེ་རུ་ཕྱིན་དགོས་ཀྱང་བལ་ཡུལ་ནས་རྒྱ་ནག་གི་དཔལ་འབྱོར་ཁེ་ཕན་འཚོལ་ཆེད་དེ་ལྟར་བྱེད་བཞིན་པ་གསུངས་བྱུང་།
གནས་ཚུལ་ནང་བལ་ཡུལ་གྱིས་ཞི་ཅིན་ཕིན་གྱིས་སྐུལ་སྤེལ་བྱས་པའི་རྒྱུད་གཅིག་ལམ་གཅིག་ཞེས་པའི་གྲོས་གཞིར་ཕྱི་ལོ་༢༠༡༧ལོ་ནས་བཟུང་ཐོག་མར་མོས་མཐུན་བཀོད་ཀྱང་དངོས་གཞིའི་རྣམ་གྲངས་གང་ཡང་ལག་བསྟར་བྱེད་ཐུབ་མེད་པ་བརྗོད་འདུག དེ་མིན་རྒྱ་ནག་གིས་བལ་ཡུལ་ལ་དངུལ་བུན་ཨ་སྒོར་དུང་ཕྱུར་གཉིས་ལྷག་གཡར་ནས་བལ་ཡུལ་གྱི་གྲོང་ཁྱེར་ཆེ་ཤོས་གཉིས་པ་སྤོག་ར་ཡི་སྤོག་ར་གནམ་ཐང་འཛུགས་བསྐྲུན་བྱས་ཏེ་ན་ནིང་ནས་བེད་སྤྱོད་བྱེད་འགོ་ཚུགས་ཡོད་ལ། རྒྱ་ནག་ཕྱོགས་ནས་གནམ་ཐང་དེ་ནི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ལེགས་འགྲུབ་ཀྱི་མཚོན་རྟགས་ཡིན་ཚུལ་བསྒྲགས་ཀྱི་ཡོད་ཀྱང་། རྒྱ་གར་ཕྱོགས་ནས་སྤོག་ར་གནམ་ཐང་གི་འཕུར་བསྐྱོད་གནམ་གྲུའི་མཁའ་དབྱིངས་བེད་སྤྱོད་བྱེད་དུ་འཇུག་གི་མེད་པ་དང་། གནམ་ཐང་དེར་ནམ་རྒྱུན་རྒྱལ་སྤྱིའི་གནམ་གྲུའི་ལམ་གྲངས་མ་འདངས་བའི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། དེ་བཞིན་དངུལ་བུན་གནད་དོན་ཐད་ཨོ་ལི་མཉམ་འབྲེལ་གཞུང་གི་ནང་ཁུལ་དུའང་རྩོད་རྙོག་ཡོང་གི་ཡོད་ལ། བལ་ཡུལ་རྒྱལ་དམངས་ཚོགས་པ་ནི་ཨོ་ལི་གཞུང་འཛིན་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ཡིན་ཞིང་། ཁོང་ཚོས་དངུལ་བུན་གང་རུང་ལམ་ནས་རོགས་སྐྱོར་གྱི་རྣམ་གྲངས་བླངས་བ་ཁག་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།
བལ་ཡུལ་གྱི་སྲིད་བློན་དམར་ཕྱོགས་ཚོགས་པའི་སྲིད་དོན་པ་རྒན་པ་ཁེ་པི་ཤར་མཱ་ཨོ་ལི(K.P. Sharma Oli)་ནི་ད་ལྟ་དགུང་གྲངས་༧༢ཡིན་ཞིང་། ཁོང་དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་ནས་དམར་ཤོག་ཚོགས་པའི་སྲིད་དོན་ནང་ཞུགས་ཏེ། རིམ་པས་ཕྱི་ལོ་༢༠༡༥་དང་ཕྱི་ལོ་༢༠༡༨། སྤྱི་ལོ་༢༠༢༡བཅས་སོ་སོར་བལ་ཡུལ་གྱི་སྲིད་བློན་གྱི་འགན་ཐེངས་གསུམ་བཞེས་མྱོང་བ་དང་། ༢༠༢༤་ལོའི་ཕྱི་ཟླ་བདུན་པར་སླར་ཡང་བལ་ཡུལ་གྱི་སྲིད་བློན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་རེད།
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།