བལ་ཡུལ་གྱི་སྲིད་བློན་ནས་དགོངས་ཞུའི་ཁས་ལེན་གནང་མེད་པ།
2010.05.10
༄༅༎བལ་ཡུལ་གྱི་མའོ་སྲིད་དོན་ཚོགས་པས་དགོས་འདུན་བཏོན་མིན་ལ་མ་ལྟོས་པར་སྲིད་བློན་མཱ་རྡལྦ་ཀུ་མའར་ནེ་པལ་མཆོག་ལས་གནས་ནས་དགོངས་ཞུ་གནང་རྒྱུའི་ཁས་ལེན་གནང་མེད་པ་རེད་
བལ་ཡུལ་གྱི་ནེ་པ་ལི་ཀོང་རེ་སི་སྲིད་དོན་ཚོགས་པས་མའོ་ཚོགས་པའི་ངོས་ནས་ཡུལ་གྱི་ཞི་བའི་གྲོས་མཐུན་ནང་ཁས་ལེན་བྱས་པ་ཁག་ལག་བསྟར་མ་བྱས་བར་སྲིད་བློན་མཱ་རྡལྦ་ཀུ་མའར་ནེ་པལ་མཆོག་ལས་གནས་ནས་དགོངས་ཞུ་གནང་རྒྱུ་མིན་སྐོར་གསུང་འདུག བལ་ཡུལ་གྱི་ནེ་པ་ལི་ཀོང་རེ་སི་ཚོགས་པའི་མགྲིན་ཚབ་པ་ཨར་ཇུན་ནར་སིང་ཡིས་ཡུལ་དེའི་རའེ་སིང་ནེ་པལ་ཞེས་པའི་གསར་ཤོག་ལ་ཡུལ་ནང་ཞི་བདེའི་བརྒྱུད་རིམ་དང་རྩ་ཁྲིམས་གསར་བཟོ་མ་གནང་བར་སྤྱི་མོས་ཐོག་གཞུང་འགྱུར་བ་གཏོང་ཐུབ་ཐབས་མེད་པ་རེད་ཅེས་གསུང་འདུག
བལ་ཡུལ་གྱི་ཞི་བའི་གྲོས་མཐུན་ནང་མའོ་ཚོགས་པའི་ངོས་ནས་ཚོགས་པའི་གཞོན་ནུའི་སྒྲིག་འཛུགས་དེ་མེད་པ་བཟོ་རྒྱུ་དང་བཙན་འཕྲོག་བྱས་པའི་དངོས་པོ་ཁག་ཕྱིར་སྤྲོད་བྱེད་རྒྱུའི་ཁས་ལེན་བྱས་པ་དེ་དག་ད་བར་ཧ་ལམ་ལག་བསྟར་བྱུང་མེད་པ་རེད་
དེ་བཞིན་ཟླ་བ་འདིའི་ཚེས་༢༨ཚུན་ཡུལ་ནང་ཞི་བདེ་བརྟན་ལྷིང་ཡོང་རྒྱུའི་ཆེད་རྩ་ཁྲིམས་གསར་པ་ཞིག་གཏན་འཁེལ་གནང་རྒྱུ་ཡང་དེ་ཡོང་བཟོས་མེད་པ་རེད་ བདུན་སྔོན་མ་དེར་མའོ་ཚོགས་པའི་ངོས་ནས་བདུན་གཅིག་ཙམ་རིང་རྒྱལ་ཡོངས་ཐོག་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡང་དེར་མི་མང་གིས་རྒྱབ་སྐྱོར་དེ་ཙམ་མ་ཐོབ་སྟབས་ཁ་ཉིན་རེས་གཟའ་པ་སངས་ཉིན་ངོ་རྒོལ་གྱི་ལས་འགུལ་དེ་མཚམས་འཇོག་མི་བྱེད་ཀ་མེད་ཆགས་ཡོད་པ་རེད་
སྲིད་བློན་མཱ་རྡལྦ་ཀུ་མའར་ནེ་པལ་མཆོག་གིས་མའོ་ཚོགས་པའི་འགོ་འཁྲིད་པུཤི་པ་ཀ་མལ་རྡ་ཧལ་ལ་ཕྱག་བྲིས་ཤིག་གནང་བའི་ནང་དལྟའི་ཡུལ་གྱི་དཀའ་རྙོག་དེ་གྲོས་མོལ་གྱི་ལམ་ནས་སེལ་དགོས་པའི་སྐོར་གསུང་པར་མའོ་ཚོགས་པའི་ངོས་ནས་སྲིད་བློན་མཆོག་ལས་གནས་ནས་དགོངས་ཞུ་གནང་དགོས་པའི་སྐོར་བསྐྱར་ཟློས་གནང་ཡོད་པ་རེད་
མའོ་ཚོགས་པའི་མགྲིན་ཚབ་པ་ཌི་ན་ནཐ་ཤར་མ་ཡིས་གསར་འགོད་པར་སྲིད་བློན་མཆོག་ལས་གནས་ནས་དགོངས་ཞུ་གནང་ནས་གྲོས་མོལ་དང་སྤྱི་མོས་ཀྱི་འཁོར་ཡུག་ཞིག་བསྐྲུན་དགོས་ཞེས་གསུང་འདུག