ས་ཡོམ་གོད་ཆག་ཁྲོད་མི་ཤི་བའི་གྲངས་འབོར་༦༢༠༠བརྒལ་འདུག
2015.05.01
བལ་ཡུལ་ནང་ས་ཡོམ་གྱི་གོད་ཆག་ཁྲོད་རྐྱེན་འདས་སོང་བའི་མིིའི་གྲངས་འབོར་༦༢༠༠བརྒལ་འདུག་པ་དང་མུ་མཐུད་འཕེལ་བཞིན་པ་རེད།
དེ་ཡང་ཕྱི་ཟླ་༤པའི་ཚེས་༢༥ཉིན་བལ་ཡུལ་ནང་འགུལ་ཚད་རིམ་པ་༧དང་གྲངས་ཆུང་༨བྱས་པའི་ས་འགུལ་གྱི་གནོད་འཚེ་ཕོག་ནས་ད་བར་ཉིན་གྲངས་དྲུག་སོང་བའི་རྗེས་སུ། ད་ལྟའང་མི་འདས་གྲོངས་སོང་བའི་ཕུང་པོ་མུ་མཐུད་རྙེད་སོན་བྱུང་བཞིན་པ་དང་། ཕུང་པོ་འཇོག་ཡུལ་པུར་ཁང་ཚང་མ་ཕུང་པོས་ཁེངས་ཡོད་སྟབས་ས་འོག་ནས་གསར་དུ་རྙེད་སོན་བྱུང་བའི་ཕུང་པོ་རྣམས་དེ་མ་ཐག་རང་སར་མེར་བསྲེགས་གཏོང་དགོས་ལུགས་བལ་ཡུལ་གཞུང་ནས་བཀོད་མངགས་བྱས་སྐོར་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་མཁན་རྒྱ་གར་གྱི་དམག་མི་ཞིག་གིས་གསུངས་གནང་འདུག་ལ་ཕུང་པོའི་རུལ་དྲིའི་རྐྱེན་པས་མི་མང་པོ་རང་ཁྱིམ་དུ་ཕྱིར་ལོག་བྱ་རྒྱུར་བློ་འཚབ་ཀྱི་གནས་སྟངས་འོག་ཡོད་པ་གནས་ཚུལ་ཡོང་བཞིན་པ་རེད། བལ་ཡུལ་ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་པ་ཞིག་གིས་བརྗོད་ན། ས་ཡོམ་གྱི་གོད་ཆག་འོག་རྐྱེན་འདས་སུ་ཕྱིན་པའི་མིའི་གྲངས་འབོར་དེ་ད་ཆ་༦༢༠༤སླེབས་ཡོད་པ་དང་། རྨས་སྐྱོན་ཕོག་པའི་གྲངས་འབོར་མི་གྲངས་༡༣༩༢༤བར་སླེབས་ནས་མུ་མཐུད་མི་ཤི་རྨས་ཀྱི་གྲངས་ཀ་འཕེལ་བཞིན་པ་རེད། མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་གསུངས་བར་གཞིགས་ན། ད་རེས་ཀྱི་ས་ཡོམ་རྐྱེན་པས་བལ་ཡུལ་ནང་མི་གྲངས་ས་ཡ་བརྒྱད་ཙམ་ལ་ཐད་ཀར་དོ་ཕོག་གི་ཤུགས་རྐྱེན་ཐེབས་ཡོད་པ་དང་། དེའི་ཁོངས་སུ་སྡོད་ཁང་ཁྱོན་བསྡོམས་༦༠༠༠༠༠ཙམ་གཏོར་སྐྱོན་སོང་བའམ་ཡང་ན་གནོད་སྐྱོན་ཕོག་ཅིང་། འབྱུང་འགྱུར་ཟླ་བ་གསུམ་ཙམ་རིང་མི་གྲངས་ས་ཡ་གཉིས་ཙམ་ལ་སྡོད་གུར་དང་། ཆུ། བཟའ་ཆས། སྨན་སོགས་ཀྱི་དགོས་མཁོ་མུ་མཐུད་དགོས་རྒྱུ་ཡིན་པ་གསུངས་འདུག བལ་ཡུལ་དངུལ་རྩིས་བློན་ཆེན་Ram Sharan Mahatཡིས་ས་ཡོམ་གྱི་གོད་ཆག་འོག་གཏོར་སྐྱོན་དང་གནོད་སྐྱོན་ཕོག་པའི་སྡོད་ཁང་དང་། སྨན་ཁང་། གཞུང་གི་ལས་ཁུངས། ལོ་རྒྱུས་ལྡན་པའི་གནའ་བོའི་ཁང་པ་སོགས་གསར་བཟོ་དང་། ཡང་ན་ཉམས་གསོའི་ལས་དོན་ཆེད་ཨ་སྒོར་ཐེར་འབུམ་གཉིས་ལྷག་གི་འགྲོ་གྲོན་ཚོད་དཔག་བྱས་འདུག་པ་དང་། ཡང་བལ་ཡུལ་གྱི་དྲིལ་བསྒྲགས་བློན་ཆེན་Minendra Rijalཡིས། ས་ཡོམ་འོག་འདས་གྲོངས་སུ་སོང་བའི་རྗེས་ཤུལ་ནང་མི་རྣམས་ལ་བལ་ཡུལ་གཞུང་གིས་མ་གནས་ཨ་སྒོར་༡༠༠༠རེ་ཛ་དྲག་རོགས་སྐྱོབ་གནང་རྒྱུ་མ་ཟད། ཕུང་པོ་ཞུགས་འབུལ་སླད་ནང་མི་རེ་རེར་མ་གནས་ཨ་སྒོར་༤༠༠ཐམ་པའི་རོགས་རམ་གསལ་བསྒྲགས་གནང་འདུག
དེ་བཞིན་བལ་ཡུལ་གྱི་ས་ཡོམ་དང་འབྲེལ་བོད་ཀྱི་ནུབ་བརྒྱུད་མཐའ་མཚམས་ཁུལ་དུ་ཡང་ས་ཡོམ་གྱི་གོད་ཆག་ཁྲོད་ད་བར་ཉུང་མཐར་བོད་མི་མི་གྲངས་༢༥ཙམ་གྲོངས་ཡོད་པ་དང་། བཞི་གར་སོང་ཆ་མེད་གྱུར་པ། མི་གྲངས་༩༠༠ལྷག་ལ་ཚད་གཞི་འདྲ་མིན་གྱི་རྨས་སྐྱོན་ཕོག་པ་སོགས་མདོར་ན་མི་གྲངས་ཁྲི་ཕྲག་ཁ་ཤས་ལ་གོད་ཆགས་བྱུང་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།