བལ་ཡུལ་རྒྱལ་པོ་སོཌ་སྡེབས་བསད་བྱས་ནས་ལོ་༡༠་འཁོར།
2011.05.31
༄༅༎བལ་ཡུལ་གྱི་རྒྱལ་པོ་སྦི་རེན་རྡར་དང་རྒྱལ་མོ། རྒྱལ་སྲས་དང་སྲས་མོ་སོགས་སྐུ་འཁོར་མི་དགུ་སྡེབས་བསད་བཏང་བའི་དོན་རྐྱེན་བྱུང་ནས་མི་ལོ་བཅུ་འཁོར་གྱི་ཡོད་ཀྱང་ད་དུང་མི་གསོད་ཀྱི་གྱོད་དོན་དེའི་རྒྱབ་ལྗོངས་སོགས་རྟོགས་དཀའ་བར་མུ་མཐུད་གནས་ཡོད་པ་རེད།
དེ་སྔོན་༢༠༠༡ ལོའི་ཕྱི་ཟླ་དྲུག་པའི་ཚེས་༡ ཉིན་གྱི་ཕྱི་དྲོ་བལ་ཡུལ་རྒྱལ་ཁང་ནང་དགོང་དྲོའི་གསོལ་ཚིགས་་སྐབས་རྒྱལ་སྲས་རྡི་པེན་རྡར་ཡིས་ར་བཟི་སྟེ་མེ་མདའ་ལག་ཏུ་འཁྱེར་ཏེ། རྒྱལ་པོ་དང་རྒྱལ་མོ་སོགས་མི་དགུ་བསད་པ་མ་ཟད། རྒྱལ་སྲས་རང་ཉིད་ཀྱང་ཤི་བ་རེད་ཅེས་པའི་གནས་ཚུལ་ཐོན་ཡོད་ཀྱང་བལ་པོའི་མི་དམངས་མང་པོ་ཞིག་གིས་གནས་ཚུལ་དེ་བདེན་པ་མིན་པ་ངོས་འཛིན་བྱེད་མཁན་དང་བློ་དོགས་ཆེན་པོར་གནས་ཡོད་ཅིང༌། སྐབས་དེར་བལ་ཡུལ་གཞུང་གི་དཔོན་རིགས་ནས། དགུང་གྲངས་༣༡ ཡིན་པ་དང༌། མ་འོངས་པའི་རྒྱལ་པོའི་ཁྲི་ལ་བཞུགས་མཁན་རྒྱལ་སྲས་རྡི་པེན་རྡར་ཡིས། ཁོང་གི་དགའ་སའི་བོུ་དེར་འཁྲུངས་ས་སྐྱོན་རྒྱུར་ཡུམ་གྱིས་འདོད་པ་མ་གནང་བར་བཀག་འགོག་བྱས་པར་བརྟེན། ཁོང་གིས་ཡབ་རྒྱལ་པོ་དང་ཡུམ། སྤུན་མཆེད་རྒྱལ་སྲས་དང་སྲས་མོ། ཉེ་འཁོར་གྱི་སྤུན་མཆེད་ལྔ་བཅས་བསད་པ་དང་ཁོང་རྗེས་སུ་རང་ཤི་རྒྱབ་པའི་དོན་རྐྱེན་བྱུང་བའི་གསལ་བསྒྲགས་བྱས་ཡོད་པ་རེད། དེ་རིང་བལ་ཡུལ་ཕོ་བྲང་གི་དམག་དོན་དྲུང་ཆེ་ཟུར་པ་ལྦི་ལྦེཀ་ཀུ་མའར་ཤའ་ཞུ་བས་ཕེ་རན་སི་གསར་འགོད་པར། སྐབས་དེར་ཕོ་བྲང་གྱི་གྱོད་དོན་དེའི་ཐོག་བལ་ཡུལ་གཞུང་གིས་ཆེས་མཐོའི་ཞིབ་འཇུག་ལྷན་ཁང་ཞིག་བཙུགས་ཡོད་པ་དེས། རྒྱལ་ཁང་གི་མི་གསོད་ཀྱི་གྱོད་དོན་ལ་ཞིབ་འཇུག་བྱས་པ་ནི། དོན་རྐྱེན་ག་རེ་བྱུང་བ་དང་གང་འདྲ་བྱུང་ཡོད་པའི་སྐོར་ཁོ་ན་ཞིབ་འཇུག་གིས་སྙན་གསེང་ཞུས་པ་ལས་དོན་རྐྱེན་ག་རེ་བྱས་ནས་བྱུང་བའི་སྐོར་སྙན་གསེང་ཞུས་མེད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད། ད་དུང་ཁོང་གིས། ཕལ་ཆེར་རྒྱལ་སྲས་རྡི་པེན་རྡར་ལ་ཕྱི་ནང་གཉིས་ནས་གནོན་ཤུགས་ཀྱིས་ཁོང་ཁྲོའི་རྣོ་ངར་བྱུང་བ་ཡིན་སྲིད་པ་དང༌། དེའི་ནང་རྒྱལ་རྒྱུད་རིང་ལུགས་མེད་པ་བཟོ་རྒྱུའི་འདོད་པ་འཛིན་མཁན་གྱི་ཤོག་ཁག་གྱི་ཁེ་ཕན་ཡོད་སྲིད་པའི་སྐོར་གསུང་པ་ལས་དེ་མིན་ཞིབ་ཕྲ་གསུང་མེད་པ་རེད།