བལ་ཡུལ་དུ་མི་གསོད་ཉེས་མིང་ཡོད་པའི་བློན་ཆེན།
2011.05.05
༄༅༎བལ་ཡུལ་ནང་དེ་སྔ་མའོའི་གྱེན་ལོག་ཤོག་ཁག་གི་ཡུལ་ནང་ཟིང་ཆ་སློང་བའི་སྐབས་མི་བསད་པའི་ནག་ཉེས་ཕོག་པའི་འགོ་འཁྲིད་ཅིག་བློན་ཆེན་དུ་བསྐོ་བཞག་བྱས་པར་སྐྱོན་བརྗོད་ཡོང་གི་ཡོད་འདུག
དེ་སྔ་བལ་ཡུལ་ནང་མའོའི་གྱེན་ལོག་ཤོག་ཁག་པ་ཚོས་ཡུལ་ནང་ཟིང་ཆ་བསླང་བ་དང་། གཞུང་གི་དམག་མིའི་དབར་འཁོན་འཁྲུག་བྱུང་བའི་སྐབས་ཕྱི་ལོ་ ༢༠༠༥ ལོར་གྲོང་གསེབ་ཤིག་ནས་ཨར་ཇུན་སྦ་དུར་བླ་མ་ཞེས་པ་ཞིག་གྱེན་ལོག་ཤོག་ཁག་པ་ཚོས་བཙན་འཁྲིད་དང་རིམ་བཞིན་ཁོ་པ་དམར་བསད་བཏང་བའི་དོན་རྐྱེན་ཞིག་བྱུང་ཡོད་པ་དེའི་བྱེད་གཏེ་དང་བཀའ་བཀོད་གཏོང་མཁན་ཨགྷ་ནི་ སཔ་ཀོ་ཏ་ཞེས་པ་དེ་བཞིན་ད་ལྟའི་གཞུང་འཛིན་ཁོངས་སུ་དྲིལ་བསྒྲགས་བློན་ཆེན་དུ་བསྐོ་བཞག་བྱས་ཡོད་པ་རེད། ཁོ་པའི་ཐོག་དེ་སྔ་ཕྱི་ལོ་ ༢༠༠༦ ལོར་བལ་ཡུལ་ཁྲིམས་ཁང་ཆེན་མོ་ནས་མི་བསད་པའི་ནག་ཉེས་འོག་ཁྲིམས་བཤེར་བྱེད་རྒྱུའི་བཀོད་ཁྱབ་བཏང་ཡོད་ཀྱང་ད་བར་ཁོ་པ་དང་ཁོ་པའི་རོགས་པ་ལྔ་སུ་གཅིག་ལའང་ཁྲིམས་བཤེར་བྱེད་ཐུབ་མེད་པ་རེད། དེ་འདྲ་ཡིན་དུས་ད་རེས་ཁོ་པ་བློན་ཆེན་དུ་བསྐོ་འདེམས་བྱས་པ་དེར་བལ་ཡུལ་ནང་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྱབ་ཇོའཏི་ སང་གེ་རས་སྐྱོན་བརྗོད་ཞུས་པ་དང་སྦྲགས་ཁོང་གིས། དེ་ནི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་བ་ཞིག་དང་། དོ་ཕོག་བྱུང་བའི་ནང་མི་ཚོར་བདེན་པར་དྲང་བདེན་ཐོབ་རྒྱུའི་ཚབ་ཏུ་སྡུག་ཐོག་སྡུག་བརྩེགས་ལྟབུ་ཞིག་བྱུང་ཡོད་རེད་ཅེས་གསུངས་འདུག
འོན་ཀྱང་གསར་དུ་འདེམས་ཐོན་བྱུང་བའི་བློན་ཆེན་སབ་ཀོ་ཏེས། སྐབས་དེར་གྲོང་གསེབ་དེའི་ནང་འགོ་གཙོའི་ལས་འགན་ཡོད་པ་ཞིག་ཡིན་པ་ལས་ངས་མི་བསད་མེད་ལ་མི་གསོད་རྒྱུར་བཀོད་ཁྱབ་ཀྱང་བཏང་རྒྱུ་མ་བྱུང་། ངར་ཉེས་བཙུགས་བྱེད་བཞིན་པ་དེ་ནི་ཆབ་སྲིད་ཀྱི་དགོས་མཁོར་བལྟས་ནས་སྐྱོན་འཛུགས་བྱེད་པ་ཞིག་རེད་ཅེས་ངོས་ལེན་བྱེད་ཀྱི་མེད་པ་རེད།