བལ་ཡུལ་དམག་སྤྱི་གནས་དབྱུང་གཏོང་ཐབས་ནོར་འཁྲུལ་ཡིན།

བལ་ཡུལ་གྱི་སྲིད་བློན་གསར་པས་སྲིད་བློན་ཟུར་པས་བལ་ཡུལ་གྱི་དམག་སྤྱི་གནས་དབྱུང་གཏོང་ཐབས་བྱས་པ་དེ་ནོར་འཁྲུལ་ཡིན་པ་གསུངས་འདུག

2009.05.28

༄༅༎བལ་ཡུལ་གྱི་སྲིད་བློན་གསར་པ་མཱ་རྡལྦ་ཀུ་མའར་ནེ་པལ་མཆོག་གིས་སྲིད་བློན་ཟུར་པ་པཱར་ཅན་རྡས་བལ་ཡུལ་གྱི་དམག་སྤྱི་གནས་དབྱུང་གཏོང་ཐབས་བྱས་པ་དེ་ནོར་འཁྲུལ་ཡིན་པ་དང་ཁོང་གིས་དམག་སྤྱི་གོ་གནས་མུ་མཐུད་བཞེས་རྒྱུ་ཡིན་སྐོར་དབྱིན་ཇིའི་སྦི་སྦི་སི་གསར་འགྱུར་ལས་ཁང་ལ་གསུངས་ཡོད་པ་རེད།

བལ་ཡུལ་གྱི་སྲིད་བློན་ཟུར་པ་པཱར་ཅན་རྡ་ནས་དམག་སྤྱི་རུཀ་མང་གུལ་ཀ་ཊ་ལྦལ་ལ་མའོ་གྱེན་ལོག་ཤོག་ཁག་གི་དམག་ཟུར་༡༩༠༠༠ཙམ་བལ་ཡུལ་གྱི་རྒྱུན་ལྡན་དམག་དཔུང་ཁོངས་སུ་ཟླ་བསྒྲིལ་གཏོང་རྒྱུའི་ལས་འཆར་ལ་དོ་ཕོག་བཏང་བའི་སྐྱོན་འཛུགས་བྱས་སྟེ་ཁོང་དམག་སྤྱི་ནས་ཕྱིར་འབུད་བཏང་ཡོད་པ་རེད། ཡིན་ཡང་བལ་ཡུལ་གྱི་སྲིད་འཛིན་མཆོག་ནས་སྲིད་བློན་གྱི་ཐག་གཅོད་དེ་རྩ་ཁྲིམས་དང་འགལ་བ་ཡིན་པའི་བཞེངས་ཕྱོགས་འཛིན་སྟེ་དམག་སྤྱི་རང་སར་གནས་དགོས་པའི་ཐག་གཅོད་བྱས་པའི་རྩོད་རྙོག་གིས་རྐྱེན་པས་པཱར་ཅན་རྡ་སྲིད་བློན་གྱི་ལས་འཁུར་ནས་དགོངས་ཞུས་བྱས་སྟེ་ཉེ་སྔོན་མཱ་རྡལྦ་ཀུ་མའར་བལ་ཡུལ་གྱི་སྲིད་བློན་གསར་པར་འོས་འདེམས་བྱུང་ཡོད་པ་རེད། རེས་གཟའ་ཕུར་བུའི་ཉིན་དབྱིན་ཇིའི་སྦི་སྦི་སི་གསར་འགྱུར་ལས་ཁང་གིས་སྲིད་བློན་གསར་པ་མཱ་རྡལྦ་ཀུ་མའར་ནེ་པལ་མཆོག་ལ་དེ་སྔོན་སྲིད་བློན་ཟུར་པས་ཕྱིར་འབུད་བྱས་པའི་དམག་སྤི་ཀ་ཊ་ལྦལ་གྱི་གོ་གནས་བསྐྱར་གསོ་བྱེད་མིན་སྐོར་བཅར་འདྲི་བྱས་པར་སྲིད་བློན་མཆོག་གིས་ཁོང་གིས་སྣེ་འཁྲིད་པའི་གཞུང་འཛིན་ཚོགས་པའི་ངོས་ནས་སྲིད་བློན་ཟུར་པས་དམག་སྤྱི་ཕྱིར་འབུད་བྱས་པ་དེ་ཐག་གཅོད་ནོར་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་དེར་བརྟེན་བལ་ཡུལ་གྱི་གཞུངགསར་པའི་བློན་ཆེན་ཁག་གཏན་འབེབས་བྱུང་མཚམས་དམག་སྤྱི་ཕྱིར་འབུད་བྱས་པའི་ནོར་འཁྲུལ་གྱི་ཐག་གཅོད་དེར་བསྐྱར་བཅོས་བྱ་རྒྱུ་ཡིན་ཞེས་གསལ་སྟོན་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎