ལྷོ་ཨཕ་རི་ཀའི་གཞུང་གིས་༸གོང་ས་མཆོག་ལ་དགའ་བསུ་ཞུ་རྒྱུ།
2009.05.14
༄༅༎ད་རེས་ལྷོ་ཨ་ཕི་རི་ཀའི་ཕྱི་འབྲེལ་བློན་ཆེན་གསར་པ་དེས་བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨ་ཕི་རི་ཀའི་ནང་ཆིབས་བསྒྱུར་བསྐྱང་གནང་མཛད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་པར་གསུངས་འདུག
དེའང་ཁ་སྔོན་སྤྱི་ཟླ་གསུམ་པའི་ནང་ལྷོ་ཨ་ཕི་རི་ཀར་བསྐོངས་ཚོགས་གནང་རྒྱུའི་རྒྱལ་སྤྱིའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོ་བཞུགས་པའི་འཛམ་གླིང་ཞི་བདེའི་འབྲེལ་ཡོད་ལྷན་ཚོགས་དེའི་ཐོག་བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕེབས་བཞུགས་གནང་རྒྱུར་ལྷོ་ཨ་ཕི་རི་ཀའི་གཞུང་ནས་ལྷོ་ཨ་ཕི་རི་ཀའི་ནང་སྤྱི་ལོ་ཉིས་སྟོང་བཅུ་ལོར་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གཉེར་དང་དེ་བཞིན་ལྷོ་ཨ་ཕི་རི་ཀ་དང་རྒྱ་ནག་གི་འབྲེལ་བ་བཅས་ལ་དམིགས་ཏེ་༸གོང་ས་མཆོག་ལྷོ་ཨ་ཕི་རི་ཀ་ནང་ཆིབས་བསྒྱུར་བསྐྱང་གནང་མཛད་རྒྱུར་ཐོངས་མཆན་ཕུལ་རྒྱུ་མིན་པའི་གནས་ཚུལ་གསལ་བསྒྲགས་བྱས་ཡོད་ཅིང་གནས་ཚུལ་དེས་རྐྱེན་པས་འཛམ་གླིང་ཞི་བདེའི་ལྷན་ཚོགས་དེའི་ཐོག་ཕེབས་བཞུགས་གནང་འཆར་ཡོད་པའི་ཡེ་ཤུའི་ཆོས་དཔོན་ཌེ་སི་མེན་ཀྲུ་ཀྲུ་ཡིས་དབུས་པའི་དེ་མིན་ལྷན་ཚོགས་དེའི་ཐོག་ཕེབས་བཞུགས་གནང་མཁན་གྱི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་གྲགས་ཅན་མི་སྣ་ཚོས་ལྷོ་ཨ་ཕི་རི་ཀའི་སྲིད་གཞུང་གི་ཐག་གཅོད་དེར་སྐྱོན་བརྗོད་གནང་ཡོད་པ་མ་ཟད་གོང་གསལ་འབྲེལ་ཡོད་འཛམ་གླིང་ཞི་བདེའི་ལྷན་ཚོགས་ཚོགས་རྒྱུའི་དུས་ཚོད་དེ་ཡང་དུས་ཚོད་ངེས་མེད་ཀྱི་ནར་འགྱངས་གནང་དགོས་འཁེལ་ཡོད་ལ་ཡིན་ནའང་ད་རེས་རེས་གཟའ་ཕུར་བུའི་ཉིན་ལྷོ་ཨ་ཕི་རི་ཀའི་ཕྱི་འབྲེལ་བློན་ཆེན་གསར་པ་ལྕམ་མཱ་ཏེ་ནི་ཀོ་ན་མ་ཤ་སྦེན་ནས་གཏམ་བཤད་ཅིག་གནང་སྟེ་འཛམ་གླིང་ཡུལ་གྲུ་གཞན་གྱི་ཡུལ་མི་ཚོ་ལྷོ་ཨ་ཕི་རི་ཀའི་ནང་གཟིགས་སྐོར་དུ་ཕེབས་པ་བཞིན་༸གོང་ས་མཆོག་ལྷོ་ཨ་ཕི་རི་ཀའི་ནང་རང་དབང་ཐོག་ཆིབས་བསྒྱུར་བསྐྱང་གནང་མཛད་རྒྱུར་དགའ་བསུ་ཡོད་ལུགས་གསུངས་ཡོད་པ་མ་ཟད་དེ་དང་སྦྲགས་ཁ་སྔོན་ལྷོ་ཨ་ཕི་རི་ཀའི་གཞུང་ནས་༸གོང་ས་མཆོག་ལྷོ་ཨ་ཕི་རི་ཀའི་ནང་ཆིབས་བསྒྱུར་བསྐྱང་གནང་མཛད་རྒྱུར་བཀག་འགོག་གནང་བ་དེ་ཡང་སྐབས་དེར་གནས་ཚུལ་གསལ་བཤད་ཡག་པོ་ཞིག་ཞུ་ཐུབ་མེད་པར་དེ་ནི་སྤྱི་ལོ་ཉིས་སྟོང་བཅུ་ལོའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་འགྲན་ཚོགས་དེ་དང་འབྲེལ་བ་ཆགས་ཡོད་པ་ཞིག་ཡིན་པར་སླར་ཡང་གསུངས་འདུག།