༸གོང་ས་མཆོག་ཁེན་ཌར་ཆིབས་བསྒྱུར་ཆེད་གྲ་སྒྲིག།
2010.07.29
༄༅༎བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཁེ་ན་ཌའི་ཀྲོ་རན་ཀྲོ་གྲོང་ཁྱེར་རུ་ཆིབས་བསྒྱུར་བསྐྱངས་གཏན་འཁེལ་བ་བཞིན་ ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གྲོང་ཁྱེར་དེའི་ནང་ཡོད་པའི་གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་རྒྱ་སྐྱེད་ཀྱི་ལས་དོན་དེར་འགོག་རྐྱེན་ཇི་ལྟར་འཕྲད་མིན་ལ་མ་ལྟོས་པར་༸གོང་ས་མཆོག་གི་ཆིབས་བསྒྱུར་གོང་རྒྱ་སྐྱེད་ཀྱི་ལས་དོན་མཇུག་སྒྲིལ་ཟིན་ཐབས་ཀྱི་འབད་བརྩོན་གནང་མུས་ཡིན་པའི་གནས་ཚུལ་ཐོན་འདུག་༎
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་༡༠པའི་ནང་གྲོང་ཁྱེར་ཀྲོ་རན་ཀྲོ་རུ་བཀྲིན་ཆིབས་བསྒྱུར་གནང་སྐབས་ཚེས་༢༣ཉིན་ས་གནས་ནང་ཡོད་པའི་གངས་ལྗོངས་ཆོས་ལྡན་གླིང་ བོད་ཀྱི་རིག་གཞུང་ལྟེ་གནས་ཁང་དབུ་འབྱེད་གནང་རྒྱུའི་མཛད་འཆར་ཡོད་པ་རེད་ གང་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས་ རིག་གཞུང་ལྟེ་གནས་ཁང་རྒྱ་སྐྱེད་ཆེད་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཐོག་ནས་མ་གནས་ཨ་སྒོར་ས་ཡ་༦དང་འབུམ་བདུན་ཙམ་གྱི་འགྲོ་གྲོན་འཆར་བཀོད་བྱས་པ་ཡོད་པ་དང་ འཆར་གཞི་འདིའི་འོག་ལྟེ་གནས་ཁང་གི་རྒྱལ་སྒོ་གསར་བཞེངས་གནང་རྒྱུ་སྤྱི་ཁང་དང་ཚོགས་ཁང་གསར་བསྐྲུན་ ལུས་རྩལ་གྱི་ཚོགས་ཁང་གསར་འཛུགས་གནང་རྒྱུ་སོགས་རྒྱ་སྐྱེད་ཀྱི་ལས་འཆར་དུ་མ་བཀོད་བསྒྲིགས་གནང་ཡོད་པ་རེད་
བོད་ཀྱི་རིག་གཞུང་ལྟེ་གནས་ཁང་རྒྱ་སྐྱེད་ཀྱི་ལས་དོན་ཆེད་ཉེ་སྔོན་ཕྱི་ཟླ་༤པའི་ནང་ཁེ་ན་ཌའི་དབུས་གཞུང་ནས་དངུལ་འབོར་ས་ཡ་༣དང་ཕྱེད་ཀ་ཙམ་གྱི་རོགས་སྐྱོབས་གསལ་བསྒྲགས་གནང་ཡོད་ཀྱང་ ལྷག་འཕྲོད་ཀྱི་དངུལ་འབོར་ས་ཡ་༣ལྷག་ཙམ་ས་གནས་བོད་མིའི་སྤྱི་མཐུན་ཚོགས་པའི་ངོས་ནས་འདུ་བཀོད་བྱེད་དགོས་ཀྱི་ཡོད་པ་རེད་
ལྟེ་གནས་ཁང་གི་འགན་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས་གསུང་པར་གཞིགས་ན་ རིག་གཞུང་ལྟེ་གནས་ཁང་རྒྱ་སྐྱེད་ཆེད་ཨར་ལས་འགོ་འཛུགས་ཆོག་པའི་བཀའ་ཁྲོལ་གྱི་ཡིག་ཆ་དུས་ཐོག་མ་བྱུང་བའི་རྐྱེན་དངོས་སུ་རྒྱ་སྐྱེད་ཀྱི་ལས་དོན་ཕྱི་ཟླ་འདིའི་ནང་མ་གཏོགས་འགོ་འཛུགས་ཐུབས་མེད་པ་དང་ དེ་བཞིན་དཔལ་འབྱོར་འདུ་བཀོད་ཀྱི་ལས་འགུལ་ཡང་སྤེལ་མུས་ཡིན་པ་རེད་ ཡིན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་གནས་ནང་ཆིབས་བསྐྱུར་ཀྱི་མཛད་འཕྲིན་སྐབས་རིག་གཞུང་ལྟེ་གནས་ཁང་རྒྱ་སྐྱེད་ཀྱི་ལས་དོན་ཕལ་མོ་ཆེ་ལེགས་གྲུབ་འཐུས་ཚང་ཟིན་རྒྱུའི་ཡིད་ཆེས་ཡོད་ཅེས་གསལ་འདོན་གནང་བཞག་༎