བཙན་བྱོལ་བོད་མིའི་ཁྲིམས་ཞིབ་པ་ཆེ་བ་བསྐོ་བཞག་གནང་ཡོད་པ།
2009.09.12
༄༅༎བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་ཁ་ས་ཕྱི་ཚེས་བཅུ་གཅིག་ཉིན་གྲོས་ཚོགས་ནང་བཙན་བྱོལ་བོད་མིའི་ཆེ་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གསར་པ་དེ་བཞིན་དབུས་འོས་བསྡུ་ལྷན་ཁང་དང་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་གསར་པ་བཅས་སྤྱི་མོས་ཐོག་ནས་བསྐོ་བཞག་བྱུང་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁྲིམས་ཞིབ་པ་ཆེ་བར་འོས་འཛུགས་གནང་བའི་ཁྲིམས་ཞིབ་པ་རྒན་ཆེན་ངག་དབང་འཕེལ་རྒྱས་ལགས་སུ་གྲོས་ཚོགས་ནང་སྤྱི་མོས་ཐོག་ནས་མོས་མཐུན་བྱུང་སྟེ་ཁྲིམས་ཞིབ་པ་ཆེ་བར་བསྐོ་བཞག་བྱུང་ཡོད་པ་དང་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་གྱི་ས་གནས་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་ལགས་ཁྲིམས་ཞིབ་པ་གསར་པར་བསྐོ་བཞག་བྱུང་འདུག
དེ་བཞིན་བདེ་སྲུང་ལྷན་ཁང་གི་དྲུང་ཆེ་འཇམ་དཔལ་ཆོས་བཟང་ལགས་བཙན་བྱོལ་བོད་གཞུང་དབུས་འོས་བསྡུ་ལྷན་ཁང་དང་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་གསར་པར་བསྐོ་བཞག་གནང་འདུག
ད་ལྟའི་ཁྲིམས་ཞིབ་པ་ཆེ་བ་འབྲེལ་སྣང་རྣམ་རྒྱལ་ཚེ་རིང་ལགས་ཀྱིས་ལས་འཁུར་དུས་ཡུན་ཉིས་སྟོང་དགུ་ལོའི་ཕྱི་ཟླ་བཅུ་པའི་ཚེས་བཅུ་བཞི་ཉིན་གཙང་འགྲོ་གི་ཡོད་པ་དང་ཁྲིམས་ཞིབ་པ་ཨ་རྨྱེས་ཚང་ཐུབ་བསྟན་བཀྲིས་ལགས་ཉིས་སྟོང་དགུ་ལོའི་ཕྱི་ཟླ་བདུན་པའི་ཚེས་ཉི་ཤུ་བདུན་ཉིན་རྒན་ཡོལ་ལ་ཕེབས་ཡོད་པ་རེད། བཙན་བྱོལ་བོད་མིའི་ཆེ་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པའི་ས་དམིགས་གཉིས་ཡོད་པའི་ནང་ནས་ས་དམིགས་གཉིས་པ་དེའི་མི་འགྲོ་གཏན་འཁེལ་ལོ་རྗེས་མའི་ཕྱི་ཟླ་གསུམ་པའི་ནང་གནང་རྒྱུ་ཡིན་པ་རེད།