བོད་དོན་རྒྱབ་སྐྱོར་གྱི་གཞི་རྩ་བརྟན་པོའི་ཐོག་ནས་དབུ་འཛུགས་གནང་རྒྱུ།
2015.05.18
དབྱིན་ཇིའི་གྲོས་ཚོགས་གསར་པ་དེ་བཞིན་བོད་དོན་རྒྱབ་སྐྱོར་གྱི་གཞི་རྩ་བརྟན་པོའི་ཐོག་ནས་དབུ་འཛུགས་གནང་རྒྱུ་ཡིན་པ།
དེ་ཡང་དབྱིན་ཇིའི་གྲོས་ཚོགས་གསར་པ་དེ་བཞིན་བོད་དོན་རྒྱབ་སྐྱོར་གྱི་གཞི་རྩ་བརྟན་པོའི་ཐོག་ནས་དབུ་འཛུགས་གནང་རྒྱུ་ཡིན་པའི་སྐོར་Tibet Societyཞེས་པའི་དབྱིན་ཡུལ་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པས་གནས་ཚུལ་སྤེལ་ཡོད་པ་དང་། དབྱིན་ཡུལ་ནང་རྒྱལ་ཡོངས་འོས་བསྡུ་ཆེན་མོ་གནང་སྐབས་རྒྱལ་ས་ལོན་ཊོན་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་Tibet Societyཡི་འོས་མི་རྣམས་ཀྱིས་བོད་མིའི་རང་དབང་དང་། བོད་མི་རྣམས་ཀྱིས་རང་ཉིད་ཀྱི་མ་འོངས་པའི་གནད་དོན་རང་ཉིད་ནས་ཐག་གཅོད་བྱེད་དབང་ཐེ་བའི་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ཞལ་བཞེས་གནང་འཇུག་རྒྱུའི་ལས་འགུལ་ཞིག་སྤེལ་བ་དང་། སྐབས་དེར་འོས་མི་༣༨༦་ཡིས་དེ་ལྟར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་དང་། དེ་ཚོའི་ཁོངས་ནས་འོས་མི་༤༤་གྲོས་ཚོགས་འཐུས་མིར་འོས་འདེམས་བྱུང་ཡོད་ཅིང་། ཁོང་རྣམས་ཀྱང་དབྱིན་ཇིའི་སྲིད་དོན་ཚོགས་པ་འདྲ་མིན་ནས་ཡིན་འདུག་པས་དེ་ཡང་ངལ་རྩོལ་ཚོགས་པའི་འཐུས་མི་༢༣་དང་། རྙིང་ཞེན་ཚོགས་པའི་འཐུས་མི་༡༠ Scottish Nationalistཚོགས་པའི་འཐུས་མི་༣་གུ་ཡངས་ཅན་གྱི་མང་གཙོ་ཚོགས་པའི་འཐུས་མི་༢་ལྗང་ཁུ་ཚོགས་པའི་འཐུས་མི་གཅིག་སོགས་རེད།
ད་རེས་Tibet Societyབོད་དོན་རྒྱབ་སྐྱོར་ཚོགས་པས་སྤེལ་བའི་ལས་འགུལ་དེ་ལམ་འགྲོ་ཆེན་པོ་བྱུང་ནས་ཚོགས་པ་དེས་བོད་དོན་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་མཁན་རྒྱལ་ཡོངས་གྲོས་ཚོགས་འཐུས་མིར་འོས་འདེམས་རྒྱལ་ཁ་ཐོབ་པ་དང་། མ་འཐོབ་པའི་འོས་མི་རྣམས་ལ་འབྲེལ་བ་མུ་མཐུད་གནང་སྟེ་ཞལ་བཞེས་དེ་བཞིན་དྲན་སྐུལ་ཞུ་རྒྱུ་མ་ཟད། རིང་མིན་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མིའི་ཚོགས་ཆེན་འཚོགས་སྐབས་ཁོང་རྣམས་གདན་འདྲེན་ཞུ་འཆར་ཡོད་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།