རྔ་པ་འཛམ་ཐང་རྫོང་དུ་ཞི་རྒོལ་གྱི་བརྒྱུད་རིམ་ངོ་སྤྲོད།
2012.01.31
༄༅༎ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༦ ཉིན་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་འཛམ་ཐང་རྫོང་བར་མ་ཞང་དུ་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་སྐབས་ཉེན་རྟོག་དམག་མི་ཚོས་མེ་མདའ་བརྒྱབ་སྟེ་ཉུང་མཐའ་བོད་མི་གཅིག་བསད་ཡོད་པ་དང་། རྗེས་སུ་ཤེས་རྟོག་བྱུང་བར་འདས་གྲོངས་ཕྱིན་པའི་བོད་མི་དེ་དགུང་ལོ་༢༠ཡིན་པའི་སློབ་མ་ཨོ་རྒྱན་ཡིན་པ་དང་། ཁོང་དང་ཐར་བ་གཉིས་རྒྱ་ནག་ཁྲིན་ཏུའུ་མེན་ཡང་ས་ཁུལ་དུ་སློབ་གྲྭ་གཅིག་འགྲིམས་བཞིན་ཡོད་འདུག དེ་བཞིན་ཚེས་༢༦ཉིན་རི་སྤུངས་ནོར་མོའི་བུ་ཐར་བ་ཡིས་བོད་ནང་གི་ཆུ་ཚོད་ ༡༢ ཙམ་ལ་འཛམ་ཐང་བར་མ་ཞང་ཐོག་ཏུ་སྦྱར་ཡིག་ཅིག་བཀྲམས་པར་མ་ཟད། སྦྱར་ཡིག་ནང་དུ་ཡི་གེ་བྲིས་མཁན་ཁོ་རང་གི་མིང་དང་འདྲ་པར་བཀོད་ནས་ཁྱོད་ཚོས་འཛིན་ཐུབ་ན་འཛིན་པར་ཤོག་ཅེས་བྲིས་ཡོད་པར་བརྟེན་ནས་ སྦྱར་ཡིག་བཀྲམས་ནས་དུས་ཚོད་ ༢ ལྷག་ཙམ་ནས་ཉེན་རྟོག་པ་དང་དམག་མི་ཕོན་ཆེན་ཡུལ་ཚོ་དེར་འབྱོར་ཏེ་ཐར་བ་ཚང་སྐོར་ནས་ཐར་བ་འཛིན་བཟུང་བྱེད་སྐབས། ས་གནས་བོད་མི་ཚོས་ཐར་བའི་་ཕྱོགས་སུ་ལངས་ནས་ཐར་བ་འཛིན་བཟུང་བྱེད་པར་བཀག་འགོག་དང་མཉམ་དུ་སྐད་འབོད་ངོ་རྒོལ་བྱས་པས་དམག་མི་རྣམས་ཀྱིས་མི་མང་ནང་དུ་མེ་མདའ་བརྒྱབ་ཏེ་གོང་བརྗོད་ན་གཞོན་སློབ་མ་དམར་གསོད་བཏང་བ་དང་། གཞན་མི་མང་པོར་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་གནས་ཚུལ་ནང་ཐོན་ཡོད་།་ གནས་ཚུལ་མཁོ་སྤྲོད་གནང་མཁན་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་གསུང་ན།་ ཚེས་༢༦ཉིན་གྱི་བོད་ནང་གི་ས་གནས་ཀྱི་དགོང་དྲོའི་དུས་ཚོད་ལྔ་བ་ཙམ་ལ་བོད་མི་ཉིས་སྟོང་་ལྷག་འཛམ་ཐང་བར་མ་ཞང་སྤྱི་བདེ་ཉེན་རྟོག་ལས་ཁུངས་མདུན་དུ་འཛོམས་ནས་ངོ་རྒོལ་སྐད་འབོད་བྱས་པ་དང་།དེའི་རྗེས་ཀྱི་དུས་བརྒྱད་པ་དགུ་བར་སླེབས་དུས་བོད་མི་ཆིག་ཁྲི་ཙམ་འདུ་འཛོམས་བྱས་འདུག། བར་མ་ཞང་ནི་འཛམ་ཐང་རྫོང་དང་རྒྱང་ཐག་སྤྱི་ལེ་༢༢ཀྱི་སར་ཡོད་པ་དང་། ཞང་དེ་ན་ཡོད་པའི་དགོན་པ་ཆེ་ཤོས་ནི་འཛམ་ཐང་ཇོ་ནང་དགོན་པ་ཡིན་པ་དང་། དགོན་པ་དེར་དུས་རྒྱུན་གཏན་སྡོད་དགེ་འདུན་པ་ཆིག་སྟོང་ལྔ་བརྒྱ་ཙམ་ཡོད་པ་གནས་ཚུལ་མ་འགྲེལ་བརྗོད་གནང་ཡོད་འདུག