རྔ་བར་ཟ་ཁང་དང་ཚོང་ཁང་སྒོ་རྒྱབ་ནས་གདུང་སེམས་མཉམ་བསྐྱེད།
2015.04.20
རྔ་བར་རང་བསྲེགས་ཞི་རྒོལ་རྗེས་བོད་མི་ཚོས་ཟ་ཁང་དང་ཚོང་ཁང་སྒོ་རྒྱབ་ནས་གདུང་སེམས་མཉམ་བསྐྱེད་གནང་བ།
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། ཉིན་ཤས་གོང་མདོ་སྨད་རྔ་པ་རྫོང་ཆོས་རྗེ་མ་ནས་བོད་མི་གནས་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་བར། མྱ་ངན་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་རྔ་པ་རྫོང་ཐོག་ཏུ་ཡོད་པའི་བོད་མིའི་ཟ་ཁང་དང་། ཚོང་ཁང་ཚང་མ་ཉིན་གསུམ་རིང་སྒོ་རྒྱབ་པ་རེད། ས་གནས་བོད་མི་ཞིག་གིས་བརྗོད་དོན། སྤྱིར་བཏང་རྔ་པ་རྫོང་ཐོག་ཏུ་ཟ་ཁང་དང་ཚོང་ཁང་གི་ཚོང་ལས་གཉེར་མཁན་བོད་རིགས་རྣམས་ལ་མཚོན་ན་ཁང་གླ་དང་གློག་རིན། ཆུ་རིན་སོགས་ཟླ་བ་གཅིག་གི་ནང་འགྲོ་སོང་ཧ་ཅང་ཆེན་པོ་ཡོད་ཀྱང་རང་ལུས་མེར་བསྲེགས་གཏོང་མཁན་ཚོས་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ཐུབ་པ་སོགས་ཀྱི་ཆེད་རང་སྲོག་བློས་གཏོང་གནང་གི་ཡོད་སྟབས་ཚོང་ལས་གནང་མཁན་བོད་མི་ཚོས་ཀྱང་རང་འགུལ་གྱི་ཐོག་ནས་ཚོང་ཁང་སྒོ་རྒྱབ་པ་རེད་ཅེས་བརྗོད་འདུག
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་གནས་ཚུལ་བཏང་དོན། གནས་ཚུལ་བྱུང་རྗེས་རྔ་བ་ཕྱོགས་ཀྱི་བོད་མི་ཚོས་ཤུལ་ལུས་ནང་མི་རྣམས་ལ་སེམས་གསོའི་ཞལ་འདེབས་འབུལ་བ་དང་། དགོན་པ་ཁག་ལ་ཕྱག་སྐོར་དང་བསྔོ་རྟེན་འབུལ་བ་སོགས་སྐྱིད་སྡུག་མཉམ་མྱོང་གནང་བཞིན་ཡོད་འདུག་པ་དང་། མདོ་སྨད་རྔ་བ་རྫོང་ཨ་འདུས་ཕྱོགས་ནས་ཡིན་པའི་དམ་དཀར་རམ་གནས་སྐྱབས། རང་ལོ་༤༥ ཡིན་པ་ཁོང་གིས་རང་ཉིད་སྡོད་སའི་ཁང་པའི་ར་སྐོར་ནང་དུ་སྐུ་ལུས་མེར་སྲེག་གནང་ནས་འདས་གྲོངས་སུ་གྱུར་ཡོད་ཅིང་། རྗེས་སུ་སྐུ་ཕུང་ཉེན་རྟོག་པས་ཁྱེར་ཡོད་འདུག་པ་དང་། ཁོང་གི་སྤུན་གནས་གང་དང་། མག་པ་ཚེ་རིང་བསམ་འགྲུབ་གཉིས་འདྲི་གཅོད་བྱེད་པར་ཁྲིད་ཡོད་འདུག ཁོང་གིས་སྐུ་ལུས་མེར་སྲེག་མ་གནང་པའི་སྔོན་ལ་རང་ཉིད་སྡོད་སའི་ར་སྐོར་ནང་དུ་༸གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་པར་དང་། ཁོ་རང་གི་ནང་མིའི་འདྲ་པར་སོགས་སྒྲིག་ཤོམ་གྱིས་མདུན་དུ་ཡོན་ཆབ་ཕུལ་བ་དང་། མེ་ཏོག་སྒྲིག་པ་སོགས་བྱས་ཤིང་། དེའི་འོག་གི་གོམ་པ་ལྔ་ཙམ་གྱི་སར་ཁོང་གིས་སྐུ་ལུས་མེར་སྲེག་བཏང་ཡོད་འདུག
ཁོང་ལ་རྔ་བའི་དགོན་ཁག་ཞེ་གཉིས་ཐུན་མོང་གིས་གནང་བཞིན་པའི་ཞི་བདེའི་དཔུང་རྟགས་ཀྱང་ཐོབ་ཡོད་འདུག ཁོང་གི་ཕ་མིང་ལ་གནས་མོ་དང་། མ་མིང་ལ་དཀར་སྒྲེས་མ་ཟེར་ཞིང་། ཕ་མ་གཉིས་སྔ་མོ་ནས་འདས་ཟིན་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།