ལྕགས་ཟམ་རྫོང་གི་ས་ཡོམ་ཁྲོད་ད་བར་རྐྱེན་འདས་སུ་སོང་བའི་མི་གྲངས་༩༣བར་འཕར་ཡོད་འདུག
ཉེ་སྔོན་ཕྱི་ཟླ་༩ཚེས་༥ཉིན་བོད་ནང་གི་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དང་དར་རྩེ་མདོ་རུ་ས་ཡོམ་ཚད་རིམ་༦.༨ཅན་ཞིག་བྱུང་སྟེ་མི་སྣར་ཤི་རྨས་ཀྱི་དོན་རྐྱེན་བྱུང་ཡོད་པ་བཞིན། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གི་གནས་ཚུལ་སྤེལ་བ་ལྟར་ན་ཕྱི་ཟླ་༩ཚེས་༡༣བར་འདས་པའི་བདུན་གཅིག་ལྷག་རིང་མི་གྲངས་༩༣རྐྱེན་འདས་དང་། ད་དུང་བོར་བརླག་ཕྱིན་ཡོད་པ་མི་གྲངས་༢༥ཡོད་སྐོར་བཀོད་འདུག་ལ། ད་ལྟའི་ཆར་ཟ་མ་སོགས་ལ་དཀའ་ངལ་དམིགས་བསལ་མེད་ན་ཡང་། ཏོག་དབྱིབས་རིམས་ནད་རྐྱེན་གྱིས་ཐེངས་མང་ལ་བརྟག་དཔྱད་དགོས་པ་དང་སྡོད་གནས་གཏན་འཁེལ་མེད་པ་སོགས་ཀྱིས་དཀའ་ངལ་འཕྲད་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིའི་ས་ཡོམ་ཁྲོད་རི་ཉིལ་བ་དང་ཁང་པ་བརྡིབས་པ། ལམ་ཆད་པ་སོགས་ཤུགས་ཆེར་བྱུང་ཡོད་པ་མ་ཟད། ཁང་པ་དང་གྱང་ར་བརྡིབས་པ་ཤུགས་ཆེར་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་འབྲེལ་ངོས་ནས་ད་བར་མི་མང་གི་རྒྱུ་ནོར་ལ་གྱོང་གུད་ག་ཚོད་ཐེབས་ཡོད་སོགས་ཀྱི་གྲངས་ཐོ་མེད་ན་ཡང་། ས་ཡོམ་བྱུང་སའི་ལྟེ་གནས་ལྕགས་ཟམ་རྫོང་འབོ་ཞབས་གྲོང་ཚོའི་ནང་གཏོར་སྐྱོན་ཆེན་པོ་ཐེབས་ཡོད་པ་དང་། ཡུལ་ཚོ་དང་ཁད་ཉེ་བའི་དུང་དཀར་ལུང་པའི་ས་ཆ་མང་པོར་རི་ཉིལ་བ་དང་ལམ་ཆད་པ་སོགས་བྱུང་ཡོད་ན་ཡང་། ད་དུང་སླར་གསོ་མ་ཐུབ་པར་ཡོད་པ་བོད་ནང་གི་འབྲེལ་ཡོད་ནས་འགྲེལ་བརྗོད་གནང་གི་འདུག
ཕྱི་ཟླ་༩ཚེས་༡༢་ཉིན་དཀར་མཛེས་ཁུལ་ཡོངས་སུ་ས་ཡོམ་དོན་རྐྱེན་ཁྲོད་འདས་གྲོངས་སུ་མི་རྣམས་ལ་མྱ་ངན་གྱི་མཛད་སྒོ་ཚོགས་ཡོད་པ་དང་། ཐེངས་འདིར་མ་སོམ་ཁྲོད་རྐྱེན་འདས་སུ་སོང་བའི་ཁྲོད་ལྕགས་ཟམ་རྫོང་ནས་མི་༥༥དང་། གཡག་རྔ་གྲོང་ཁྱེར་སྲིབ་སྨད་རྫོང་དུ་མི་གྲངས་༣༨བཅས་ཡོད་པ་དང་། ས་གནས་དེ་གཉིས་ནི་བོད་རིགས་མང་པོ་འདུས་སྡོད་ཀྱི་ས་ཆ་ཆགས་ཡོད་པ་དང་། འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན་ལྕགས་ཟམ་རྫོང་གཙོས་ཉེ་འཁོར་དུ་བོད་ཀྱི་སྨན་ཆུ་ལྷ་ཁང་དགོན་དང་། དགུ་རྫབ་དགོན། བསམ་གྲུབ་དགོན། སྨོང་སྐྱིད་དགོན། ཆུ་མིག་དགོན། དམ་པ་རང་གྲོལ་དགོན། ས་མཁར་དགོན། ཀ་བཞི་དགོན་སོགས་བོན་པོ་གཙོས་ས་སྐྱ་དང་དགེ་ལུགས་ཀྱི་དགོན་པ་མང་པོ་ཞིག་ཡོད་འདུག
རྒྱ་ནག་གིས་སི་ཁྲོན་ཞིང་ཆེན་ཁོངས་གཏོགས་སུ་འབོད་བཞིན་པའི་བོད་ཤར་ལྷོའི་བརྒྱུད་དུ་ཡོད་པའི་རྒྱལ་རོང་ས་ཁུལ་དང་དར་རྩེ་མདོ་སོགས་ནི་རི་ཁུལ་དང་གཡང་གཟར་གྱི་གནས་སུ་ཡོད་སྟབས། ལོ་ལྟར་ས་ཡོམ་དང་ཆུ་ལོག་གི་གནོད་སྐྱོན་མང་དག་ཅིག་ཡོང་གི་ཡོད་པ་རེད་ལ། འདི་ལོའི་ཕྱི་ཟླ་༦ཚེས་༡༠ཉིན་འབར་ཁམས་མཚོ་བདུན་ཕྱོགས་སུ་ས་འགུལ་ཚད་རིམ་༦ཅན་ཞིག་བྱུང་སྟེ། ས་གནས་ཡུལ་མིའི་སྡོད་ཁང་དང་དགོན་པ་ཁག་ལ་གཏོར་བཤིག་ཚབས་ཆེན་ཐེབས་ཡོད་པ་དང་། གཞན་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༠ ཉིན་བོད་གཡག་རྔ་ཁུལ་དུ་ཚད་རིམ་ ༧.༠ གྱི་ས་ཡོམ་བྱུང་ནས་མི་གྲངས་ ༡༩༦ རྐྱེན་འདས་དང་། མི་གྲངས་ ༡༡༤༧༠ ལ་རྨས་སྐྱོན་བྱུང་། ཡང་ཕྱི་ལོ་༢༠༡༧ ཟླ་༨ ཚེས་༨ ཉིན་གཟི་ཚ་སྡེ་དགུ་ཁུལ་དུ་ཚད་རིམ ༧.༠ ཅན་གྱི་ས་ཡོམ་བརྒྱབ་སྟེ་མི་གྲངས ་༢༤ རྐྱེན་འདས་དང་། མི་གྲངས་ ༤༩༣ ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།