ལོ་གསར་སྐབས་རྒྱས་སྤྲོས་མ་གནང་རོགས།

སྲིད་སྐྱོང་མཆོག་གི་མཚན་ཐོག་ཚེས་༢༤ཉིན་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཆེད་ལོ་གསར་སྐབས་རྒྱས་སྤྲོས་མ་གནང་རོགས་ཞེས་འབོད་སྐུལ་གནང་འདུག

2013.01.24

༄༅།    །སྤྱི་བསྒྲགས་དེའི་ནང་གསུངས་པ་གཞིར་བཟུང་བྱས་ན། རྒྱ་ནག་གཞུང་གི་དྲག་གནོན་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མིའི་གྲངས་ཚད་ད་ཆ་བརྒྱ་ཟིན་འགྲོ་ཡི་ཡོད་པ་དང་། འདས་པའི་ལོ་གཅིག་པུའི་ནང་། བོད་མི་༨༣ ཙམ་ནས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། དེ་བཞིན་ཟླ་བ་འདིའི་ནང་དུའང་ད་བར་བོད་མི་གསུམ་ནས་རང་ལུས་མེར་བསྲེགས་བཏང་ཡོད་པ་སོགས་བོད་ནང་ཛ་དྲག་གི་གནས་སྟངས་འདི་འདྲའི་དབང་གིས། བོད་རིགས་ཡོངས་ཀྱིས་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་བོད་རྒྱལ་ལོ་ ༢༡༤༠ ལོའི་ལོ་གསར་སྐབས།    ཆོས་ཕྱོགས་དང་སྲོལ་རྒྱུན་གྱི་བྱེད་སྒོ་ཁག་ལས། སྤྲོ་སྐྱིད་དང་།    རྒྱས་སྤྲོས་རིགས་མ་གནང་རོགས་ཞུ་རྒྱུ་ཡིན། ལོ་གསར་སྐབས་བོད་ཆས་གྱོན་ནས་དགོན་པ་ཁག་ཏུ་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་བློས་བཏང་མཁན་ཡོངས་དང་། ད་ལྟའི་ཆར་བཙོན་ཁང་དང་དོ་དམ་འོག་དཀའ་སྡུག་མྱོང་བཞིན་པའི་གཞིས་ལུས་བོད་མི་ཚོའི་ཆེད་མཆོད་འབུལ་གསོལ་འདེབས་གནང་རོགས་གནང་ཞུ་རྒྱུ་ཡིན། དེ་དང་ཕྱོགས་མཚུངས་ང་ཚོས་ཁོང་ཁྲོ་དང་ཞེ་སྡང་གི་གཞན་དབང་དུ་མ་སོང་བར་ཞི་འཇམ་གནས་དགོས་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ནས་འབོད་སྐུལ་ཞུས་དང་ཞུ་བཞིན་པ་ལྟར། ཚབས་ཆེ་བའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་བསྐྱར་ནན་གནང་ཡོད་འདུག ཅེས་གསུངས་འདུག    ཡང་གོང་ཞུས་སྤྱི་བསྒྲགས་དེའི་ནང་། ལོ་འདི་བཞིན་བོད་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལོར་སྲུང་བརྩི་ཞུ་ཆེད་ཕྱོགས་ཡོངས་ནས་མཉམ་ཞུགས་གནང་ནས་ལས་འགུལ་སྤེལ་དགོས་པ་དང་། འདི་ཚེས་ ༣༠ ནས་ཕྱི་ཟླ་གཉིས་པའི་ཚེས་གཉིས་བར་རྒྱལ་ས་ལྡི་ལིའི་ནང་། ཉིན་གྲངས་བཞིའི་རིང་ས་གནས་གང་ས་ནས་བཙན་བྱོལ་བོད་མི་སྟོང་ཕྲག་འགའ་ཤས་འདུ་འཛོམས་ཀྱིས་ལས་འགུལ་སྤེལ་རྒྱུ་ཡིན་ལུགས་སོགས་བཀོད་ཡོད་པ་རེད།།





བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎