སྤྲོ་སྐྱིད་གཏོང་རྒྱུར་གྲ་སྒྲིག་བྱས་པ་རྣམས་མེར་སྲེག
2013.02.12
༄༅། །ཉིན་ཤས་གོང་དུ་བོད་ཀྱི་ཁམས་དཀར་མཛེས་དང༌། ཉག་ཆུ་རྫོང༌། ཧོ་ལོང་ཤང་། ལི་ཐང་ཨོ་ཐོག་སྨད་ཐ་མ་སྡེ་བའི་ནང་ལོ་གསར་སྤྲོ་སྐྱིད་གཏོང་མིན་ཐད་མི་དམངས་ནང་ཁུལ་དུ་བསམ་ཚུལ་སྣ་ཚོགས་བྱུང་སྟེ། ཁག་ཅིག་གིས་ད་བར་བོད་ནང་དུ་བོད་མི་མང་པོ་ཞིག་གིས་བོད་བསྟན་སྲིད་དང་རང་དབང་གི་ཆེད་དུ་རང་གི་ལུས་སྲོག་བློས་བཏང་གནང་བ་དང༌། རྒྱ་ནག་གཞུང་གིས་བོད་མི་ཁག་ཅིག་ལ་རང་སྲོག་བློས་གཏོང་བྱེད་རྒྱུར་སྐུལ་སློང་བྱས་པའི་ནག་ཉེས་བཙུགས་ཏེ་ཁྲིམས་ཆད་བཏང་བར་བརྟེན་ནས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཆེད་དུ་ལོ་གསར་གཏོང་རྒྱུ་མེད་པའི་རྒྱུ་མཚན་ཤོད་མཁན་བྱུང་བ་དང༌། ཡང་ཁག་ཅིག་གིས་ལོ་གསར་ནི། རྟེན་འབྲེལ་མཚོན་དོན་ཡིན་པས་སྲོལ་རྒྱུན་གྱི་རྟེན་འབྲེལ་བྱེད་དགོས་པའི་སྐོར་ཤོད་མཁན་བྱུང་ཡོད་པ་རེད། དེར་བརྟེན་ལོ་གསར་གཏོང་འདོད་ཡོད་པའི་བསམ་བློ་ཡོད་མཁན་ཁག་ཅིག་གིས་བོད་མི་འདུ་འཛོམས་བྱེད་ཡུལ་ས་ཆ་ཞིག་ཏུ་ལོ་གསར་ལ་དགའ་སྟོན་གྱི་སྤྲོ་སྐྱིད་གཏོང་རྒྱུའི་གྲ་སྒྲིག་བྱས་ཏེ་སྡེར་ཁ་བཤམས་པ་དང༌། གཞས་དང་ཞབས་བྲོ་འཁྲབ་ཡུལ་སྒར་སྟེགས་གྲ་སྒྲིག་བྱས་པ་རྣམས་མེར་སྲེག་བཏང་ཡོད་ཅིང༌། ཞོགས་པ་སྔ་པོ་ནས་རྩིག་སྡེབས་ནག་པོ་ཞིག་ལས་གང་ཡང་ལྷག་མེད་པ་རེད། དེར་བརྟེན་ད་ཆ་བོད་ཀྱི་ས་ཁུལ་དེའི་ནང་དུ་ལོ་གསར་ནི་ཁྱིམ་ཚང་དུ་རྟེན་འབྲེལ་བྱ་རྒྱུ་ཙམ་ལས་སྤྱི་པའི་གླུ་དང་བྲོ་འཁྲབ་སྟོན་སོགས་དགའ་དགའ་སྤྲོ་སྤྲོ་བྱེད་རྒྱུ་མེད་པའི་ཐག་གཅོད་བྱུང་ཡོད་ནའང་མེར་སྲེག་གི་དོན་རྐྱེན་དེའི་བྱེད་ལྟེ་སུ་ཡིན་མིན་རྩད་གཅོད་བྱ་རྒྱུའི་ཆེད་དུ་རྫོང་དང་ས་གནས་ཀྱི་ཉེན་རྟོག་པ་མང་པོ་སླེབས་ཏེ་འཚོལ་ཞིབ་བྱེད་བཞིན་ཡོད་སྐོར་བོད་ཀྱི་བང་ཆེན་ནང་གནས་ཚུལ་སྤེལ་འདུག།