ལོ་གསར་ཚེས་༡ཉིན་ལས་འགུལ།
2013.02.14
༄༅། །འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་སུད་སི་ནས་བཏང་བའི་གནས་ཚུལ་ལྟར་ན། བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག སུད་སི་གྲོང་ཁྱེར་ཛུ་རིག་ནང་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་དང་། བོད་ནང་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་བོད་པ་ཡོངས་ལ་གདུང་སེམས་མཉམ་སྐྱེད་བྱེད་པ། རྒྱ་ནག་གཞུང་གིས་ཉེས་མེད་ཉེས་འཛུགས་ཀྱིས་ལོ་མང་རིང་ཁྲིམས་མུན་དུ་འཇུག་བཞིན་པ་སྤྱི་དང་། ལྷག་པར་དུ་རྔ་བའི་བློ་བཟང་དཀོན་མཆོག་ལ་ལོ་གཉིས་རྗེས་སྲོག་ཐོག་གཏོང་རྒྱུའི་ཐག་གཅོད་བྱས་པ་སོགས་ལ་འཛམ་གླིང་མི་མང་གིས་ངོ་རྒོལ་འབོད་སྒྲ་སྒྲོག་ཆེད་ལས་འགུལ་སྤེལ་འདུག ལས་འགུལ་འདིར་སུད་སི་མི་མང་གི་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱིས་མཚོན་པའི་མི་མང་༤༠༠ལྷག་མཉམ་ཞུགས་ཀྱིས་སུད་སི་གྲོང་ཁྱེར་ཛུ་རིག་གི་མེ་འཁོར་འབབ་ཚུགས་ཀྱི་ཉེ་འགྲམ་ནས་རྒྱ་ནག་གཞུང་ཚབ་ཁང་མདུན་བར་ངོ་རྒོལ་ཁྲོམ་སྐོར་གནང་ཡོད་པས་མ་ཟད། ཁྲོམ་གཞུང་གི་མི་ཚོགས་མང་སར་བོད་ཀྱི་ད་ལྟའི་གནས་བབ་དང་། བོད་ཀྱི་ལོ་རྒྱུས། དེ་བཞིན་བོད་ནང་མེར་བསྲེག་གཏོང་བཞིན་པའི་རྒྱུ་རྐྱེན་ཇི་ཡིན་འགྲེལ་བརྗོད་སོགས་ཀྱི་ཡིག་ཆ་མང་པོ་འགྲེམས་སྤེལ་གནང་ཡོད་པ་རེད་འདུག།