མའོ་ཤོག་ཁག་གིས་སྲིད་འཛིན་གྱི་གོ་གནས་ཆ་སྙོམ་བྱ་འདོད་མེད་པ།
2008.05.31
༄༅༎བལ་ཡུལ་གྱི་བར་བརྒལ་སྲིད་གཞུང་གི་སྲིད་འཛིན་དང་སྲིད་བློན་གྱི་གོ་གནས་གཉིས་ཀ་ཁྲིམས་བཟོའི་འཐུས་མིའི་འོས་བསྡུའི་ནང་གདན་ཐོབ་གྲངས་མང་ཐོབ་པའི་མའོའི་སྲིད་དོན་ཚོགས་པར་འཐོབ་དགོས་པ་ལས་ སྲིད་དོན་ཚོགས་པ་གཞན་ཁག་ལ་གོ་གནས་ཆ་སྙོམ་བྱ་འདོད་མེད་ལུགས་མའོའི་སྲིད་དོན་ཚོགས་པའི་འགོ་ཁྲིད་པཱར་ཅན་རྡ་ཡིས་གསུངས་གནང་འདུག
གཞུང་འཛིན་སྲིད་དོན་ཚོགས་པ་བདུན་ནས་ཚོགས་པ་དྲུག་ལྷན་ཚོགས་ཀྱིས་སྲིད་འཛིན་དང་སྲིད་བློན་འོས་འདེམས་བྱ་ཕྱོགས་ཐད་གྲོས་བསྡུར་གནང་ཡང་སྤྱི་མོས་གྲོས་ཐག་ཆོད་པ་གང་ཡང་བྱུང་མེད་པ་རེད་ དེ་སྔོན་མའོའི་སྲིད་དོན་ཚོགས་པས་འདོད་མོས་མེད་བཞིན་དུ་རྒྱལ་ཁབ་ཀྱི་དབུ་འཛིན་དུ་སྲིད་འཛིན་དང་འཛིན་སྐྱོང་གི་འགན་ཁུར་བཞེས་མཁན་སྲིད་བློན་ཞིག་བསྐོ་འདེམས་བྱ་རྒྱུའི་ལམ་སྲོལ་ལ་སྲིད་དོན་ཚོགས་པ་ཁག་གིས་མོས་མཐུན་གཏན་འབེབས་བྱུང་སྟེ་ཕྱི་ཟླ་ ༥ པའི་ཚེས་ ༢༨ ཉིན་བལ་ཡུལ་མི་སེར་རྒྱལ་ཁབ་ཅིག་ཏུ་བཀའ་རྩ་ཁྱབ་བསྒྲགས་གནང་བ་རེད་ འོན་ཀྱང་ད་ལྟའི་ཆར་སྲིད་དོན་ཚོགས་པ་ཆེ་ཁག་རྣམས་མི་མཐུན་པའི་གནད་དོན་ཁག་ནི་ སྲིད་འཛིན་དང་སྲིད་བློན་བསྐོ་འདེམས་བྱ་ཕྱོགས་དང་ ཕྱོགས་མཚུངས་བར་བརྒལ་རྩ་ཁྲིམས་བསྐྱར་བཅོས་བྱེད་མིན་བཅས་ཡིན་པ་རེད་ ད་ཡོད་ཀྱི་བར་བརྒལ་རྩ་ཁྲིམས་ནང་ གྲོས་ཚོགས་ནས་སྲིད་བློན་གནས་དབྱུང་གཏོང་རྒྱུར་གྲོས་ཚོགས་ཀྱི་གསུམ་ཆ་གཉིས་ཀྱི་མང་མོས་དགོས་ཀྱི་ཡོད་ཀྱང་ བལ་ཡུལ་ཀོང་རེསི་ཚོགས་པ་སོགས་ཀྱིས་གྲོས་ཚོགས་འཐུས་མིའི་མང་མོས་ཕལ་པ་བྱུང་ན་ སྲིད་བློན་གནས་དབྱུང་གཏང་རྒྱུའི་རྩ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་འཆར་བཏོན་རྒྱུའི་ལས་རིམ་བཀོད་པ་རེད་ མའོའི་དམར་ཤོག་ཚོགས་པས་གྲོས་འཆར་དེར་ངོས་ལེན་གནང་གི་མེད་པ་རེད་ གལ་ཏེ་སྲིད་དོན་ཚོགས་པ་ཆེ་ཁག་གཞན་ཁག་གིས་མའོའི་དམར་ཤོག་ཚོགས་པར་ཁྲིམས་བཟོའི་འཐུས་མིའི་གདན་གྲངས་མང་ཤོས་ཐོབ་པ་ལྟར་ གཞུང་འཛིན་ཆ་ཚང་བྱ་རྒྱུའི་གོ་སྐབས་ལ་འགོག་རྐྱེན་བྱེད་ཀྱི་ཡོད་ན་ དམར་ཤོག་ཤིག་མི་སེར་རྒྱལ་ཁབ་གསར་འཛུགས་བྱ་དགོས་བྱ་སྲིད་པའི་ཉེན་བརྡའི་གཏམ་བཤད་མའོའི་སྲིད་དོན་ཚོགས་པའི་འགོ་ཁྲིད་པཱར་ཅན་རྡས་ཡིས་གནང་ཡོད་པ་རེད༎