༧གོང་ས་མཆོག་གིས་དྲག་སྤྱོད་སྡེབ་གསོད་ཐད་ཐུགས་འཚབ་གནང་བ།
2016.07.15
དེ་ཡང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དེང་སྐབས་ཆོས་ལུགས་ཀྱི་མིང་ཐོག་ནས་འཛམ་གླིང་གི་ས་གནས་གང་སར་དྲག་སྤྱོད་པས་མི་མང་པོ་སྡེབ་གསོད་གཏོང་བཞིན་པར་ཐུགས་འཚབ་ཆེན་པོ་གནང་བ་དང་སྦྲགས་ཆོས་ལུགས་གང་གིས་ཀྱང་དྲག་སྤྱོད་འཚེ་བའི་ལས་དང་མི་གསོད་དགོས་པའི་སློབ་སྟོན་གནང་གི་མེད་སྐོར་བཀའ་གནང་འདུག
རྒྱ་གར་གྱི་Tribune News Service་ཞེས་པའི་གསར་ལམ་གྱིས་གནས་ཚུལ་སྤེལ་དོན་ལྟར་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༡༣་ཉིན་གུ་རུ་གནས་མཚོ་པདྨར་ཞབས་བསོར་འཁོད་གནང་གིས་དད་ལྡན་མང་ཚོགས་ལ་ཆོས་འབྲེལ་བཀྲིན་ཆེ་གནང་མཛད་སྐབས། ཆོས་ཀྱི་མིང་ཐོག་ནས་མི་མང་པོ་སྡེབ་གསོད་གཏོང་མཁན་དྲག་སྤྱོད་པ་ཚོས་རྒྱལ་ཁབ་མང་པོའི་ནང་ཞི་མཐུན་མཉམ་གནས་ལ་བར་ཆད་དང་། དཀྲུག་རྐྱེན་སློང་གི་ཡོད་པས་ཆོས་ལུགས་གང་གིས་ཀྱང་མི་དང་སེམས་ཅན་གསོད་རྒྱུའི་གནང་བ་སྤྲོད་ཀྱི་མེད་པ་དང་། མི་གསོད་མཁན་དེ་ཚོ་དང་ཁོང་ཚོ་དང་འབྲེལ་བ་ཡོད་པ་ཚོ་ནི་ཁྲིམས་འགལ་མི་ནག་ཅན་པ་ཡིན་པས་ཁོང་ཚོ་ཆོས་ལ་སེམས་འཁུར་མེད་སྐོར་བཀའ་གནང་འདུག
ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་༧གོང་ས་མཆོག་གིས་ང་ཚོས་ཆོས་ལུགས་ལ་གཞི་བཞག་ནས་དབྱེ་འབྱེད་བྱ་རྒྱུ་མེད། ཆོས་ལུགས་ཚང་མ་གཅིག་མཚུངས་རེད། ཆོས་ཀྱིས་མི་རྣམས་ཞི་བདེ་བག་ཕེབས་ཕྱོགས་ལ་སྣེ་ཁྲིད་ཀྱི་རེད་ཅེས་དང་། མི་ཚོས་སེམས་བཟང་བྱེད་དགོས་བའི་བཀའ་ཡང་སྩལ་གནང་འདུག
༧གོང་ས་མཆོག་མཚོ་པདྨར་ཆིབས་བསྒྱུར་གནང་ཞོར་ལ་Hamirpur་ནང་ཞབས་སོར་འཁོད་སྐབས། ས་གནས་ཉེན་རྟོག་པའི་དཔོན་པོ་Ajay Bodh་དང་། ས་གནས་ཀྱི་དཔོན་རིགས་མཐོ་གྲས་Rupal Thakur་དབུས་པའི་རྫོང་གི་དཔོན་རིགས་རྣམས་ཀྱིས་གུས་བསུའི་སྣེ་ལེན་ཞུས་ནས་Circuit House་ཞེས་པའི་ནང་གདན་འདྲེན་ཞུས་པ་དང་། ༧གོང་ས་མཆོག་དེའི་ནང་ཕྱག་ཚོད་གཅིག་ཙམ་རིང་སྐུ་ངལ་གསོས་སྐབས་བོད་མི་དང་ས་གནས་ཡུལ་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་སྐབས་མི་ཚང་མས་བྱམས་དང་བརྩེ་བ། ཞི་བདེ་ཉམས་ལེན་གནང་དགོས་པ་དང་། ཚང་མ་ཆོས་གྲོགས་ཡིན་པའི་འདུ་ཤེས་འཛིན་དགོས་པའི་བཀའ་སློབ་སྩལ་གནང་འདུག།
ཚེས་༡༤ཉིན། ཧྥ་རན་སིའི་གྲོང་ཁྱེར་Nice་ནང་རྒྱལ་ཁབ་ཀྱི་དུས་ཆེན་ཉིན་མི་མང་འདུ་འཛོམས་ཆེན་པོ་ཡོད་པའི་ཁྲོད། མི་ཞིག་གིས་འོར་འདྲེན་སྣུམ་འཁོར་ཞིག་བཏང་ནས་དྲག་སྤྱོད་འཇིགས་སྐུལ་གཏོར་རྒོལ་བཏང་བའི་ནང་། ཉུང་མཐར་ཡང་མི་གྲངས་༨༠་ལྷག་རྐྱེན་ལམ་དུ་ཕྱིན་པ་དང་། མི་གྲངས་བརྒྱ་ཕྲག་བརྒལ་བར་རྨས་སྐྱོན་བཟོས་ཡོད་པར་ཡོ་རོབ་དང་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་ཀྱིས་སྐྱོན་བརྗོད་དྲག་པོ་གནང་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།