༧གོང་ས་མཆོག་ལ་ཐོངས་མཆན་མ་འབུལ་བར་ངོས་ལེན་ཞུ་ཐབས་མེད།
2014.10.01

༧གོང་ས་མཆོག་དང་བོད་དོན་ལ་རྒྱབ་སྐྱོར་མཚོན་བྱེད་ད་རེས་ཆེད་དུ་བཞུགས་སྒར་དུ་ཕེབས་ཡིན་པ་གསུངས་འདུག
དེ་ཡང་ནོ་བེལ་ཞི་བདེའི་དེད་དཔོན་ལྕམ་སྐུ་Ebadiདང་། Jodi Williamརྣམ་གཉིས་བཞུགས་སྒར་རུ་ཕེབས་བཅར་གནང་འདུག་པ་དང་། ཕྱི་ཚེས་༡རེས་གཟའ་ལྷག་པའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དབུས་པའི་ཕྱི་དྲིལ་ལས་ཁུངས་ཀྱི་འབྲེལ་ཡོད་མཛད་གཙོ་རྣམས་ལྷན་བཞུགས་ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་ནང་། ཞི་བདེའི་དེད་དཔོན་རྣམ་གཉིས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག དེའི་ཐོག་ལྕམ་སྐུ་Shirin Ebadiམཆོག་གིས་ཁོང་སྐུ་ཉིད་ནས་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མི་ཚོས་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བཞིན་པ་དེར་དུས་རྟག་ཏུ་རྒྱབ་སྐྱོར་ཞུ་བཞིན་ཡོད་ལ་ལོ་བརྒྱད་ཙམ་གོང་Costa Ricaརྒྱལ་ཁབ་ནང་ནོ་བེལ་ཞི་བདེའི་ལྷན་ཚོགས་འཚོགས་སྐབས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་༧གོང་ས་ཏཱ་ལའི་བླ་མ་མཆོག་ལྷན་ཚོགས་ནང་མགྲོན་འབོད་ཞུ་རྒྱུ་ཕྱིར་འཐེན་བྱས་པར་བརྟེན་ཁོང་རྣམས་ནས་ཀྱང་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་གུས་བརྩི་དང་། བོད་མི་རྣམས་ཀྱིས་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། དེ་བཞིན་འདྲ་མཉམ་ཆེད་འཐབ་རྩོད་མཛད་བཞིན་ཡོད་པར་རྒྱབ་སྐྱོར་ཞུ་ཆེད་དང་། དེ་ལྟར་རྒྱ་ནག་གཞུང་ལ་བརྡ་ལན་སྤྲོད་རྒྱུའི་ཆེད་ལྷན་ཚོགས་ནས་ཕྱིར་འཐེན་གནང་ཡོད་པ་གསུངས་འདུག ཡང་ད་རེས་ལྷོ་ཨ་ཕི་རི་ཀའི་གཞུང་ནས་༧གོང་ས་མཆོག་ལ་ཞི་བདེའི་ལྷན་ཚོགས་སུ་བཅར་རྒྱུའི་ཐོངས་མཆན་མ་འབུལ་བའི་གནད་དོན་ཐད་ལྕམ་སྐུ་Shirin Ebadi མཆོག་གིས་གསུངས་ན། ལྷོ་ཨ་ཕི་རི་ཀའི་ལོ་རྒྱུས་ནང་མི་རིགས་དབྱེ་འབྱེད་ལ་འཚེ་མེད་ཞི་བའི་ལམ་ནས་གདོང་ལེན་ཤུགས་ཆེ་བྱས་ཡོད་སྟབས། ལྷོ་ཨ་ཧྥེ་རི་ཀའི་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཐོངས་མཆན་མ་འབུལ་བའི་གནས་སྟངས་ཐེངས་གསུམ་ཆགས་པ་དེར་ང་ཚོས་ངོས་ལེན་བྱ་ཐབས་རྩ་བ་ནས་མེད་ཅེས་གསལ་འདོན་གནང་འདུག དེ་བཞིན་ལྷག་པར་ཡི་ཤུའི་བླ་ཆེན་ཌེ་སི་མོན་ཊུ་ཊུ་མཆོག་ནས་ཀྱང་གནད་དོན་འདིའི་ཐོག་ད་བར་གང་ཡང་མ་གསུངས་པར་ཁུ་སིམ་མེར་བཞུགས་པ་དེར་ཡ་མཚན་པོ་བྱུང་། བླ་ཆེན་ཁོང་ནི་རྒྱལ་ཁབ་དེའི་གཞུང་འཛིན་ཚོགས་པའི་མི་སྣ་མིན་པ་ངས་ཤེས་ཀྱི་ཡོད། འོན་ཀྱང་ཁོང་གིས་ང་ཚོ་ནང་བཞིན་བསྒྲགས་གཏམ་སྤེལ་ནས་ལྷོ་ཨ་ཧྥེ་རི་ཀའི་བྱ་སྤྱོད་དེར་སྐྱོན་བརྗོད་གང་ཡང་མ་གནང་བར་ང་རང་ཧ་ཅང་ཡ་མཚན་སྐྱེས་བྱུང་། དེར་བརྟེན་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མི་རྣམས་ཀྱིས་འཚེ་མེད་ཞི་བའི་ལམ་ནས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་གདོང་ལེན་གནང་བ་ནི་ཧ་ཅང་གི་གནད་འགག་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་འདུག
ལྕམ་ཤི་རིན་ཨི་བ་དི་མཆོག་ནི་རིང་མིན་ཕྱི་ཟླ་༡༠པའི་ཚེས་༡༣ནས་༡༥བར་གྲོང་ཁྱེར་ཀེཔ་ཏྲ་འོན་ནང་འཚོགས་རྒྱུའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་པ་པོའི་ལྷན་ཚོགས་སར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་ཐུབ་ཀྱི་མེད་པར་བརྟེན་ཚོགས་ཞུགས་གནང་རྒྱུ་མིན་པའི་ཐག་གཅོད་གནང་མཁན་ད་བར་དྲུག་ཙམ་བྱུང་བའིནང་ནས་གཅིག་ཡིན་པ་དང་། ཁོང་གིས་ཨི་རན་ཡུལ་ནང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་བར་༢༠༠༣ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་གནང་ཡོད་པ་དང་། ཁོང་གིས་འཛམ་གླིང་སྤྱི་ཡོངས་དང་རྒྱ་ནག་མི་མང་ལའང་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པར་སྐྱོན་བརྗོད་བྱེད་དགོས་པའི་སྐུལ་ལྕགས་གནང་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་རིག་ལྡན་སྒྲོལ་མ།