ནག་ཆུ་ནས་འབྲོག་སྡེ་གནས་སྤོར་བཏང་བའི་ཤུལ་དུ་དམག་གི་རྟེན་གཞི་འཛུགས་སྐྲུན་བྱེད་བཞིན་ཡོད་འདུག

2022.09.30
ནག་ཆུ་ནས་འབྲོག་སྡེ་གནས་སྤོར་བཏང་བའི་ཤུལ་དུ་དམག་གི་རྟེན་གཞི་འཛུགས་སྐྲུན་བྱེད་བཞིན་ཡོད་འདུག གནས་སྤོར་བཏང་བའི་ནག་ཆུ་ཤན་རྩ་རྫོང་མཚེའུ་ཡུལ་ཚོ།
མཐུན་འགྱུར་པར་རིས།

ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༧ནང་ནག་ཆུ་ས་ཁུལ་ཉི་མ་རྫོང་དང་ཤན་རྩ་རྫོང་ཁོངས་ཀྱི་གྲོང་རྡལ་༥ལྷག་གནམ་གཤིས་ཡག་པོ་མེད་པ་དང་མཐོ་སྒང་གི་གནོད་བཅུད་གནས་སྤོར་སྲིད་བྱུས་ཟེར་བའི་འོག་ནས། རྒྱ་ནག་གཞུང་གིས་སྔ་རྗེས་སུ་ལྷོ་ཁ་རྩེད་ཐང་རྫོང་ཁོངས་སྲིན་པོ་རིར་གནས་སྤོར་བཏང་ཡོད་པ་བཞིན། ད་ལྟའི་ཆར་ཤན་རྩ་རྫོང་མཚེའུ་ཞང་གི་འབྲོག་པ་གནས་སྤོར་བྱས་པ་ཁག་གི་ས་ཆ་གཞུང་བཞེས་ཀྱིས།དུད་ཁྱིམ་དེ་དག་གི་ཤུལ་དུ་རྒྱ་ནག་གཞུང་འབྲེལ་གྱི་དམག་གི་རྟེན་གཞི་འཛུགས་སྐྲུན་བྱེད་བཞིན་ཡོད་པ། བོད་ནང་དང་བཙན་བྱོལ་ནང་གནས་སྡོད་འབྲེལ་ཡོད་མིང་བརྗོད་འདོད་མེད་མཁན་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་བོད་ནང་གི་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་དེས་མུ་མཐུད་བརྗོད་དོན་ལ། ཤན་རྩ་རྫོང་མཚེའུ་ཞང་གི་འབྲོག་ཁྱིམ་ཚོའི་ཤུལ་དུ་འཛུགས་སྐྲུན་ཤུགས་ཆེར་བྱེད་བཞིན་པ་ལས། འཛུགས་སྐྲུན་ས་གནས་སུ་མི་སོགས་གང་བྱུང་གཏོང་གི་མེད་པ་དང་། དེ་སྔ་འབྲོག་པའི་སྡོད་ཁང་ཁག་ཚང་མ་གཏོར་བཤིག་གིས་ཤུལ་དུ་སྤྱིར་བཏང་གི་སྡེ་མིའི་སྡོད་ཁང་དང་མི་འདྲ་བར། བཟོ་དབྱིབས་སྣ་ཚོགས་ཀྱི་དམག་གི་སྡོད་ཁང་འཛུགས་སྐྲུན་བྱེད་བཞིན་པ་ལས། ཕར་བལྟས་ཚོད་ལ་དམག་གི་རྟེན་གཞི་འཛུགས་སྐྲུན་བྱེད་བཞིན་པ་ཤེས་རྟོགས་བྱུང་ཐུབ་ན་ཡང། ཁང་པ་འཛུགས་སྐྲུན་གྱི་ཨར་ལས་མཁན་ཚོས་སྲིད་གཞུང་གི་བཀོད་ཁྱབ་ལས་ཁང་པ་དེ་དག་སུའི་ཆེད་དུ་ཡིན་སོགས་གསང་བ་ཡིན་སྐོར་བརྗོད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་ས་གནས་དེ་དག་གི་འབྲོག་ཁྱིམ་ཁག་གནས་སྤོར་བྱེད་དོན་གནམ་གཤིས་དང་ཐོན་ཁུངས་ཡག་པོ་མེད་པ་དང་། ས་གནས་ཡུལ་མི་ཚོས་ཁོར་ཡུག་རྩུབ་མོའི་འོག་འཚོ་གནས་བྱ་རྒྱུ་ཁག་པོ་ཡོད་སྐོར་བརྗོད་ནས་གནས་སྤོར་བྱེད་བཞིན་ཡོད་ན་ཡང་། བོད་གནས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། རྒྱ་ནག་གཞུང་གིས་གནམ་གཤིས་དང་ཁོར་ཡུག་ཡག་པོ་མེད་པར་ཁ་གཡར་ནས་འབྲོག་པ་གནས་སྤོ་བྱེད་བཞིན་དེ་གཡོ་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པ་ལས། དོན་དངོས་སུ་ནག་ཆུ་ས་ཁུལ་ནི་རྩྭ་ཐང་དང་ཆུ་དང་རང་བྱུང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཤིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ནག་ཆུ་ཤན་རྩ་དང་མཚེའུ་ཁུལ་དུ་ཡུལ་སྐོར་བའི་ལྟེ་གནས་བཟོས་ཡོད་པ་དང་། གནས་སྤོ་བྱེད་ཡུལ་སྲིན་པོ་རི་དེ་བྱེ་རི་དང་ཐོན་ཁུངས་ཡག་པོ་མེད་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་གི་འདུག  

རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ༧ནང་བསྐྱར་དུ་ནག་ཆུ་ས་ཁུལ་ཉི་མ་རྫོང་གི་སྔོ་ཆུ་གྲོང་བརྡལ། རོང་དམར་གྲོང་བརྡལ།ཨ་ཟུར་གྲོང་བརྡལ།འབྲོང་ཚང་གྲོང་བརྡལ་བཅས་ཀྱི་དུད་ཁྱིམ་༥༠༠ཙམ་ལྷོ་ཁ་སྲིན་པོ་རིར་གནས་སྤོར་ཚར་ཡོད་པ་དང་། འབྲེལ་ཡོད་བོད་མི་གཞན་དེས་འབྲོག་པ་ཚོ་གནས་སྤོར་གཏོང་སྐབས།ས་གནས་འགོ་ཁྲིད་ཚོར་གནས་སྤོར་འདོད་མེད་པའི་རེ་སྐུལ་ཞུས་པར་ཉན་འཇོག་གང་ཡང་མ་བྱས་པ་མ་ཟད། སུ་ཞིག་གིས་གནས་སྤོར་བྱེད་འདོད་མེད་པའི་སྐད་ཆ་བཤད་པ་དང་། ཤུལ་དུ་ལུས་པའི་ས་ཆ་དང་སྡོད་ཁང་གཞུང་བཞེས་ལ་འདོད་མོས་མེད་མཁན་དང་། གནས་སྤོར་ས་གནས་ཡག་པོ་མེད་པའི་སྐད་ཆ་བཤད་མཁན་ཚོར་ཉེས་ཆད་ལྕི་ལོ་གཅོད་རྒྱུའི་འཇིགས་སྐུལ་བྱས་ཡོད་པ་འགྲེལ་བརྗོད་གནང་བྱུང་ལ།

ཕྱི་ཟླ་༧པའི་ཟླ་མཇུག་ནས་གནས་སྤོར་འབྲོག་ཁྱིམ་མང་ཆེ་བ་སྤོར་ཡོད་ན་ཡང་། ད་ལྟའི་ཆར་རིམས་ནད་རྐྱེན་གྱིས་དུད་ཁྱིམ་ཁག་ཅིག་ལྷག་ཡོད་འདུག་ལ།ནག་ཆུ་ཤན་རྩ་རྫོང་དང་ཉི་མ་རྫོང་གཉིས་ནས་གནས་སྤོར་བཏང་བའི་གྲོང་རྡལ་དེ་དག་གནས་སྤོར་གཏོང་ཡུལ་ས་ཆ་གཅིག་ཡིན་པ་དང་། འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ནག་གཞུང་གིས་གནས་སྤོར་གྲོང་རྡལ་ལྔ་ཡི་དུད་ཁྱིམ་མང་ཤོས་འབྲོག་ལས་ཡིན་པ་ཚོར། སྒོ་ཕྱུགས་ཚང་མ་རྒྱལ་ཁབ་ཀྱིས་བཙུགས་པའི་མཉམ་ལས་ཁང་དུ་འཇོག་དགོས་པ་དང་། གནས་སྤོར་དུད་ཁྱིམ་རེར་རྒྱ་སྒོར་ཁྲི་གཅིག་རེ་སྟེར་རྒྱུ་ཁས་ལེན་བྱས་ན་ཡང་ད་དུང་སྤྲད་མེད་པར། འདི་ལོའི་རིམས་ནད་ཁྱབ་གདལ་དང་འབྲེལ་གནས་སྤོར་ཡུལ་མི་ཚོར་དཀའ་ཁག་ཤུགས་ཆེར་འཕྲད་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎