མཐོ་སྒང་བོད་ལ་འབྲོག་པའི་གྲངས་འབོར་ཇེ་ཉུང་ཡིན་པ།
2015.06.01

རྒྱ་ནག་གཞུང་གིས་འབྲོག་པ་རྣམས་བོད་ཀྱི་མཐོ་སྒང་ནས་ཕྱིར་འབུད་གཏོང་རྒྱུའི་སྲིད་བྱུས་མེད་པ་བཟོ་དགོས་པ་འགྲོ་བ་མིའི་ཐོག་ཐང་ཚོཊ་པས་གསུངས་འདུག
དེ་ཡང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ད་ལྟའི་བོད་ནང་གི་འབྲོག་པ་རྣམས་ཀྱི་ཡ་ང་བའི་གནས་སྟངས་སྐོར་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་དང་། ལྟེ་གནས་ཁང་དེའི་འགོ་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་ཕྱི་ལོ་༢༠༠༣ལོར་རྒྱ་ནག་གཞུང་གིས་བོད་ཀྱི་འབྲོག་པ་སྟོང་ཕྲག་མང་པོ་རང་གི་ཕ་མེས་ཀྱི་སྡོད་ཡུལ་ནས་གྲོང་ཁྱེར་ཁག་ནང་བཙན་དབང་ཐོག་གཞིས་སྤོས་བྱེད་དུ་བཅུག་པའི་རྗེས་ད་ཆ་བོད་ནང་གི་འབྲོག་པའི་གྲངས་འབོར་དེ་ཧ་ཅང་ཉུང་དུ་ཕྱིན་ཡོད་སྐོར་དང་། འབྲོག་པའི་ས་ཁུལ་ནང་རྫས་འགྱུར་གྱི་བཟོ་གྲ་སོགས་རྒྱབ་པའི་དབང་གིས་བཟོ་གྲ་དེ་དག་གི་དུག་རྫས་ཀྱིས་བོད་ཀྱི་ཆུ་བོ་ཁག་གཙོག་པ་བཟོས་ནས་འཐུང་ཆུར་དཀའ་ངལ་བཟོས་ཡོད་སྐོར་གསུངས་འདུག ཡང་ཚེ་རིང་མཚོ་མོ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་འབྲོག་པ་རྣམས་བོད་ཀྱི་མཐོ་སྒང་ནས་ཕྱིར་འབུད་གཏོང་རྒྱུའི་སྲིད་བྱུས་དེ་མེད་པ་བཟོ་དགོས་པ་དང་། འབྲོག་པ་རྣམས་རང་གི་རྩྭ་ས་གཅེས་ཉར་གང་ལེགས་གནང་ཐུབ་སྟབས་ཁོང་ཚོར་ས་དེ་དག་རང་སར་སྤྲོད་དགོས་ཞེས་གསུངས་འདུག
གོང་ཞུས་བོད་ནང་གི་འབྲོག་པ་རྣམས་ཀྱི་ཡ་ང་བའི་གནས་སྟངས་སྐོར་སྙན་ཐོ་དེ་རྩོམ་བྲིས་གནང་མཁན་གསར་འགོད་པ་སྐུ་ཞབས་Gabrial Lafitteཡིས་བོད་ནང་གི་འབྲོག་པའི་གནས་སྟངས་སྐོར་ལོ་ངོ་༢༠ལྷག་ཞིབ་འཇུག་གནང་ཡོད་ཅིང་། ཁོང་གིས་བོད་ཀྱི་འབྲོག་པ་གནས་སྡོད་བྱེད་ཡུལ་བོད་ཀྱི་མཐོ་སྒང་ནང་གསེར་དངུལ་ཟངས་དང་ཞ་ཉེ་སོགས་རིན་ཐང་ཆེ་བའི་གཏེར་དངོས་མང་པོ་ཡོད་སྐོར་དང་། བོད་ཀྱི་འབྲོག་པ་རྣམས་རང་གི་ཕ་མེས་ཀྱི་ས་དེ་ཚོའི་ནང་ད་ཆ་རྒྱ་མིས་ཁྲིམས་འགལ་ཐོག་གོང་ཞུས་ཀྱི་གཏེར་ཁ་བསྔོག་འདོན་བྱེད་ཀྱི་ཡོད་སྐོར་སོགས་གསུངས་འདུག
གསར་འགོད་པ་ལྷུན་གྲུབ་ཚེ་རིང་།