བྱང་ཀེ་རོ་ལཡི་ནེའི་རྒྱལ་ས་ར་ལིའི་གྲོང་ཁྱེར་སྤྱི་ཁྱབ་པ་བཞུགས་སྒར་དུ་ཕེབས་པ།
2017.05.06

༄༅། །ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནེན་སི་པེ་ལོ་སིས་དབུ་ཁྲིད་པའི་གྲོས་ཚོགས་ཀྱི་འཐུས་མི་དང་ལས་བྱེད། དེ་མིན་གནད་ཡོད་ཀྱི་དཔོན་རིགས་ཁག་གཅིག་གཟའ་འཁོར་རྗེས་མར་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་གཏན་ཁེལ་ཞིང་། འདི་ནི་བོད་ཀྱི་གནད་དོན་ཐད་ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་འགྱུར་བ་མེད་པའི་རྒྱབ་སྐྱོར་མུ་འཐུད་ཡོད་པའི་མཚོན་དོན་གལ་ཆེ་ཞིག་ཏུ་ངོས་འཛིན་གནང་བཞིན་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་ཨ་རིའི་ལྷོ་ཕྱོགས་ཀྱི་མངའ་སྡེ་གལ་ཆེའི་གྲས་བྱང་ཀེ་རོ་ལཡི་ནེའི་རྒྱལ་ས་ར་ལིའི་གྲོང་ཁྱེར་སྤྱི་ཁྱབ་པ་ལྕམ་ Nancy Macfarlane དང་ཁོང་གི་ཕྱག་རོགས་ཁག་གཅིག་དེ་རིང་ཕྱི་ཟླ་ ༥ ཚེས་ ༦ ཉིན་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་ཟིན་འདུག་ཅིང་། ཕྱི་ཚེས་ ༨ གཟའ་ཟླ་བའི་ཉིན་ཐོག་མར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུ་རྒྱུ་དང་། དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག
ཁོང་ཨ་རི་ནས་ཕེབས་ཐོན་མ་གནང་གོང་ནས་ར་ལིའི་གྲོང་ཁྱེར་ནང་། གྲོང་ཁྱེར་དེའི་མང་ཚོགས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་ཞུ་བ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་དེའི་ནང་ཆིབས་བསྒྱུར་སྐྱོང་གནང་ཡོང་བའི་གསོལ་འདེབས་ཞུ་ཆེད་བརྗོད་ཚིག་འདྲ་མིན་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་གནང་ཞིང་། རླུང་དར་དེ་ཁོང་ནས་མཉམ་འཁྱེར་གནང་སྟེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུ་རྒྱུ་ཡིན་འདུག ལྕམ་ནེན་སི་ མཀ་ཕྷར་ལེན་ དེ་སྔོན་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་མྱོང་ཡོད་ལ། བྱང་ཀོ་རོ་ལཡེ་ནའི་མངའ་སྡེའི་རྒྱལ་ས་ར་ལིའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་ཁྱབ་སྤེལ་ལྷན་ཚོགས་ཞེས་པ་ཞིག་ཀྱང་ཆེད་བཙུགས་གནང་འདུག་ཅིང་། དེའི་དམིགས་ཡུལ་ནི་འགྲོ་བ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་སྐྱེད་ཐབས་ཆེད་ཡིན་པ་བརྗོད་འདུག
ཕྱི་ཟླ་ ༥ ཚེས་ ༩ གཟའ་མིག་དམར་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནེན་སི་པེ་ལོ་སི་དང་། སྐུ་ཞབས་ James Sesenbrenner, Eliot Engel, Jim Mcgovern, Betty McCollum, Judy Chu, Joyce Beatty དང་ Pramila Jayapal བཅས་གྲོས་ཚོགས་ཀྱི་མང་གཙོ་དང་སྤྱི་མཐུན་ཚོགས་པ་གཉིས་ཀ་ལས་གྲུབ་པའི་འཐུས་མི་རྣམས་དང་། གྲོས་ཚོགས་ཀྱི་འཐུས་མའི་ལས་བྱེད། རྒྱ་གར་ཨ་རིའི་གཞུང་ཚབ་ཀྱི་སྐུ་ཚབ་སོགས་ཁྱོན་མི་གྲངས་ ༢༩ ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་དེ་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་གནང་རྒྱུ་ཡིན་ཞིང་། ཁོང་རྣམ་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་སོགས་མཛད་གཙོ་ཁག་དང་མཇལ་འཕྲད་གྲོས་མོལ་གནང་རྒྱུ་ཡིན་འདུག་ལ། ཕྱི་ཚེས་ ༡༠ སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་གཞུང་འབྲེལ་དགའ་བསུའི་མཛད་སྒོ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་ཞིང་། མཛད་སྒོ་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲ་བརྙན་ཚན་པས་སྔ་དྲོ་ཚོུད་ ༩ ནས་དྲ་རྒྱའི་ཐོག་ཐད་གཏོང་ཞུ་རྒྱུ་ཡིན་འདུག
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།