བྱང་ཀོ་རི་ཡ་ཡིས་རྡུལ་ཕྲན་གོ་མཚོན་ཚོད་ལྟ་བྱ་འཆར།
2012.04.08
༄༅༎བྱང་ཀོ་རི་ཡས་ཕྱི་ཟླ་བཞི་པའི་ནང་རྡུལ་ཕྲན་གོ་མཚོན་ཚོད་ལྟ་བྱ་རྒྱུའི་འཆར་གཞི་གསལ་བསྒྲགས་བྱས་པ་ལྟར་ད་རེས་དངོས་སུ་ཚོད་ལྟ་བྱས་པ་ཡིན་ཚེ་བྱང་ཀོ་རི་ཡས་༢༠༠༦ ནས་ད་བར་རྡུལ་ཕྲན་གོ་མཚོན་ཐེངས་གསུམ་པ་ཚོད་ལྟ་བྱས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
རེས་གཟའ་ཉི་མའི་ཉིན་ལྷོ་ཀོ་རི་ཡའི་དཔོན་རིགས་མཚན་ངོ་སྤྲོད་གནང་འདོད་མེད་པ་ཞིག་གིས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་གསུངས་པར། བྱང་ཀོ་རི་ཡའི་ཕྱོགས་ནས་ཕྱི་ཟླ་བཞི་པའི་ཚེས་༡༥་ཉིན་བྱང་ཀོ་རི་ཡའི་དབུ་ཁྲིད་ཀིམ་ཨིལ་སུང་ལོ་བརྒྱ་འཁོར་བའི་སྐྱེས་སྐར་ཉིན་གྱི་མཛད་སྒོའི་ཁོངས་སུ་རྡུལ་ཕྲན་གོ་མཚོན་ཚོད་ལྟ་བྱ་རྒྱུའི་འཆར་གཞི་ཡོད་པ་མ་ཟད། འཆར་གཞི་དེར་ཨ་མི་རི་ཀ་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་ཚོས་སྐྱོན་བརྗོད་དང་ཉེན་བརྡ་ཇི་ཙམ་གཏོང་མིན་ལ་མ་ལྟོས་པར་བྱང་ཀོ་རི་ཡའི་ཕྱོགས་ནས་མུ་མཐུད་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་ནི། བྱང་ཀོ་རི་ཡའི་བྱང་ཕྱོགས་པུང་གེ་ས་གནས་སུ་ཚོད་ལྟ་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡིན་པ་དང༌། ས་གནས་དེ་ནི་དེ་སྔ་༢༠༠༦ ལོར་དང་༢༠༠༩ ལོར་བྱང་ཀོ་རི་ཡས་རྡུལ་ཕྲན་གོ་མཚོན་ཚོད་ལྟ་ཐེངས་གཉིས་བྱེད་ཡུལ་དེ་ཡིན་པ་གསུངས་ཡོད་པ་རེད། ད་དུང་ལྷོ་ཀོ་རི་ཡའི་ཕྱོགས་ནས་མི་བཟོས་སྲུང་སྐར་གྱི་འཕྲུལ་རིག་ལ་བརྟེན་ནས་ཤེས་རྟོག་བྱུང་བ་ནི། བྱང་ཀོ་རི་ཡའི་ཕྱོགས་ནས་རྡུལ་ཕྲན་གོ་མཚོན་ཚོད་ལྟ་བྱེད་ཡུལ་ས་གནས་ནས་གསང་བའི་ཐོག་ནས་ས་འོག་གི་འགྲོ་ལམ་གསར་པ་ཞིག་བཟོ་སྐྲུན་བྱེད་ཀྱི་ཡོད་པ་དང༌། དེ་ཡང་ཕལ་ཆེར་ཆ་ཚང་བ་འཛུགས་སྐྲུན་ཟིན་འགྲོ་གི་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།།