རྒྱ་གར་བྱང་ཤར་ཁུལ་མི་མང་གིས་བོད་དོན་ལ་རྒྱབ་སྐྱོར།
2012.04.12
༄༅༎རྒྱ་གར་བྱང་ཤར་ཁུལ་གྱི་མི་མང་རྣམས་ཀྱིས་བོད་ནང་ཞི་བདེ་ལྡན་པའི་མང་གཙོའི་གཞུང་འཛིན་ཞིག་ཡོད་ཚེ་དེས་རྒྱ་གར་བྱང་ཤར་ཁུལ་གྱི་མི་འབོར་ས་ཡ་༦༠་ལྷག་གི་རང་དབང་འཚོ་གནས་ལ་ དགེ་ཕན་ཆེན་པོ་ཡོད་པ་དང་ བོད་དོན་རྒྱབ་སྐྱོར་སྔར་ལྷག་ཞུ་རྒྱུའི་གྲོས་མཐུན་བྱུང་བ་དེ་ རིང་མིན་རྒྱ་གར་གྱི་སྲིད་འཛིན་མཆོག་ལ་འབུལ་ལམ་ཞུ་འཆར་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག་༎
ཕྱི་ཚེས་༡༡་ཉིན་ རྒྱ་གར་བྱང་ཤར་མངའ་སྡེ་ཨ་སམ་གྱི་Journalist Forum Assam ཞེས་ཨ་སམ་གྱི་གསར་འགོད་གླེང་སྟེགས་ཀྱིས་གོ་སྒྲིགས་འོག་ ཁུལ་དེའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་ ཞི་བའི་མི་མང་གི་ཚོགས་སྡེ་ཁག་ དེ་བཞིན་གསར་འགོད་པ་སོགས་ཀྱིས་མངའ་སྡེའི་རྒྱལ་ས་གུ་ལྦ་ཧ་ཊིའི་ གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཁང་ནང་འདུ་འཛོམས་གནང་སྟེ་ ཐོག་མར་བོད་དོན་ཆེད་སྐུ་ལུས་མེར་བསྲེག་མཛད་མཁན་བོད་མི་རྣམས་ལ་ངག་བཅད་མྱ་ངན་གུས་བཏུད་ཞུས་པ་དང་ དེ་ནས་Tibet Support Group ཞེས་ བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་འཛུགས་གནང་འདུག གོང་གསལ་གྱི་འདུ་འཛོམས་དེའི་ཐོག་ ཚོགས་བཅར་བ་རྣམས་ནས་ བོད་ཀྱི་རྒྱལ་ས་ལྷ་སའི་ནང་ ཞི་བདེ་ཅན་གྱི་མང་གཙོའི་གཞུང་འཛིན་ཞིག་ཡོད་ཚེ་ དེས་རྒྱ་གར་བྱང་ཤར་ཁུལ་གྱི་མི་འབོར་ས་ཡ་༦༠་ལྷག་གི་རང་དབང་གི་འཚོ་གནས་ལ་ཕན་རླབས་ཆེན་པོ་ཡོད་པ་དང་ བོད་དེ་བཞིན་རྒྱ་ནག་གི་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་དང་ ཕྱོགས་མཚུངས་ བོད་ཀྱི་གནད་དོན་ཐད་ རྒྱ་གར་གཞུང་གིས་རྒྱབ་སྐྱོར་ཞུ་དགོས་པ་མ་ཟད་ རྒྱ་གར་དབུས་གཞུང་གིས་ རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་ བོད་ཀྱི་གནད་དོན་སེལ་ཐབས་སུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལྷན་དུ་གྲོས་མོལ་འཕྲལ་དུ་བསྐྱར་གསོ་དགོས་པ་དང་ རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་གཏོང་དགོས་པ་བཅས་ཀྱི་གྲོས་ཆོད་བཞག་ཡོད་པ་རེད་ གོང་གསལ་རྒྱ་གར་བྱང་ཤར་ཁུལ་གྱི་ཡུལ་མིའི་ལྷན་ཚོགས་ཀྱིས་གྲོས་ཆོད་དེ་བཞིན་རིང་མིན་རྒྱ་གར་གྱི་སྲིད་བློན་མཆོག་མཱན་མོ་ཧན་སིང་མཆོག་ལ་འབུལ་ལམ་ཞུ་རྒྱ་ཡིན་འདུག་༎