ཨ་མི་རི་ཀ་དང་ཁོའུ་བྷ་བར་འབྲེལ་ལམ་སྒོ་མོ་གསར་བ་ཕྱེ་གནང་བ།
2015.04.13

ཨ་མི་རི་ཀའི་སྲིད་འཛིན་དང་ཁོའུ་བྷའི་དབུ་ཁྲིད་བར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་མཇལ་འཕྲད་གནང་འདུག
དེ་ཡང་ཚེས་༡༡རེས་གཟའ་སྤེན་པའི་ཉིན་ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་། ཁོའུ་བྷའི་དབུ་ཁྲིད་རྭ་འུལ་ཀེ་སེ་ཊ་རོ་Raul Castroརྣམ་གཉིས་པ་ན་མར་(Panama)ལྷོ་བྱང་ཨ་མི་རི་ཀའི་ཚོགས་ཆེན་དང་སྟབས་བསྟུན་ཟུར་མཇལ་བཀའ་བསྡུར་གནང་ཡོད་པ་དང་། དེ་ནི་ཨ་མི་རི་ཀ་དང་ཁོའུ་བྷ་དབར་ལོ་ལྔ་བཅུ་ལྷག་གོང་དེ་སྔ་གྲང་དམག་གི་དུས་ནས་བཟུང་ཡུལ་གཉིས་ཀྱི་དབུ་ཁྲིད་དངོས་སུ་མཇལ་འཕྲད་གནང་བ་ཐོག་མ་དེ་ཡིན་པ་རེད། དབུ་ཁྲིད་རྣམ་གཉིས་ཟུར་མཇལ་སྐབས་སྲིད་འཛིན་ཨོ་བྷ་མ་མཆོག་གིས་མཇལ་འཕྲད་འདི་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་ཡིན་པ་བརྗོད་མི་དགོས་པ་རེད། ལོ་ལྔ་བཅུའི་རིང་ལམ་ལྷོང་མ་་བྱུང་བའི་སྲིད་བྱུས་དེ་དོར་ནས་སྲིད་བྱུས་གསར་པ་ཞིག་འཚོལ་རྒྱུའི་དུས་ལ་བབས་ཡོད་ཅེས་གསུངས་པ་ཆབས་ཅིག་ཡུལ་གཉིས་ད་ཡོད་མི་མཐུན་པའི་ཆ་རྣམས་རིམ་པས་སེལ་ནས་འབྲེལ་ལམ་གསར་པ་ཞིག་འཚོལ་དགོས་ཀྱི་རེད། འོན་ཀྱང་ང་ཚོའི་ངོས་ནས་གཞི་རིམ་ཡོངས་ཁྱབ་ཐོབ་ཐང་རིགས་སྲུང་སྐྱོབ་ཐད་ལྷོད་ཡངས་གཏོང་གི་མ་རེད་ཅེས་གསུངས་གནང་འདུག
ཁོའུ་བྷའི་དབུ་ཁྲིད་རོའུལ་ཀེསེ་ཊ་རོ་ཡིས་སྲིད་འཛིན་ཨོ་བྷ་མ་ཡིས་གང་གསུངས་པ་དེར་མོས་མཐུན་ཆ་ཚང་ཡོད། ང་ཚོའི་ཕྱོགས་ནས་གང་ཅིའི་ཐད་གྲོས་མོལ་བྱ་འདོད་ཡོད། འོན་ཀྱང་བཟོད་སྲན་ཆེན་པོ་བྱེད་དགོས་ཀྱི་རེད་ཅེས་གསུངས་གནང་འདུག མཇལ་འཕྲད་འདི་བཞིན་སྔ་ལོ་ཕྱི་ཟླ་བཅུ་གཉིས་པའི་ནང་ཡུལ་གཉིས་དབར་འབྲེལ་ལམ་བསྐྱར་གསོ་གནང་རྒྱུའི་གྲོས་མོལ་འགོ་འཛུགས་ཀྱིས་མི་རིང་བར་ཡུལ་གཉིས་ནང་གཞུང་ཚབ་ཁང་བསྐྱར་གསོ་དང་། ཚོང་འབྲེལ་བཀག་བསྡོམས་ཕྱིར་བསྡུ་གནང་རྒྱུའི་གྲོས་མོལ་དབུ་འཛུགས་བྱས་པའི་རྗེས་སུ་བྱུང་བ་ཞིག་ཡིན་པ་རེད།
གནས་ཚུལ་ནང་ཐོན་པར་གཞིགས་ན། ཨ་མི་རི་ཀས་ཁོའུ་བྷ་འཇིགས་སྐུལ་དྲག་སྤྱོད་པའི་ཐོ་གཞུང་ལ་ཕྱིར་འཐེན་བྱ་རྒྱུའི་དགོངས་བཞེས་ཀྱང་གནང་མུས་ཡིན་པ་རེད་འདུག
གསར་འགོད་པ་ཀརྨ་རྒྱ་མཚོ།