ཨ་རིའི་སྲིད་འཛིན་ཧོ་ཀོ་རི་ཡ་ལ་ཕེབས་ཐོན་གནང་བ།
2012.03.24
༄༅༎ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་རེས་གཟའ་སྤེན་པའི་སྔ་དྲོ་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་ནས་ལྷོ་ཀོ་རི་ཡའི་ནང་ཚོགས་རྒྱུའི་ལྷན་ཚོགས་ཐོག་མཉམ་ཞུགས་གནང་བར་ཕེབས་ཐོན་གནང་ཡོད་པ་རེད།
དེ་ཡང་ཨ་རིའི་སྲིད་འཛིན་གྱི་གནམ་གྲུ་ནི། རེས་གཟའ་སྤེན་པའི་ཉིན་ཨ་མི་རི་ཀའི་དུས་ཚོད་སྔ་དྲོའི་ཚོུད་༧ པའི་ཐོག་སྲིད་འཛིན་ཨོ་སྦ་མ་དང་ཁོག་གི་ཕྱག་འབྲེལ་རྣམས་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་གྱི་ཕྱི་ཕྱོགས་སུ་ཡོད་པའི་གནམ་དམག་རྟེན་གཞི་བྱེད་ཡུལ་ནས་ཕེབས་ཐོན་གནང་སྟེ། ད་རེས་ཁོང་གི་འཚམས་འདྲི་དེ་ནི་ཐོག་མར་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་ཏེ། ལྷོ་བྱང་ཀོ་རི་ཡ་གཉིས་དབར་ཛ་དྲག་ཏུ་གནས་པའི་ས་མཚམས་ས་ཁུལ་དུ་ཕེབས་རྒྱུ་དང༌། ད་དུང་ལྷོ་ཀོ་རི་ཡའི་ནང་དུ་རྟེན་གཞི་བྱེད་པའི་ཨ་རིའི་དམག་མི་ཉིས་ཁྲི་བརྒྱད་སྟོང་ལྔ་བརྒྱ་ཡོད་པ་དེ་དག་ལ་འཚམས་འདྲི་གནང་རྒྱུ་མ་ཟད། ཨ་རིའི་དམག་དཔུང་གིས་ལྷོ་ཀོ་རི་ཡའི་རྒྱལ་ཁབ་ཀྱི་ནུས་སྟོབས་ཆེ་རུ་བཏང་བའི་འགན་ཁྲིར་ཆེ་བསྟོད་ཀྱི་འཚམས་འདྲི་གནང་རྒྱུའི་འཆར་གཞི་ཡོད་པ་རེད། ད་རེས་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ལྷོ་ཀོ་རི་ཡའི་རྒྱལ་ས་སོའོལ་དུ་རྒྱལ་ཁབ་ཁག་༥༣ གྱི་དབུ་ཁྲིད་ལྷན་འཛོམས་ཀྱིས་རྡུལ་ཕྲན་གོ་མཚོན་བདེ་འཇགས་ཀྱི་ལྷན་ཚོགས་ཐོག་ཚོགས་ཞུགས་གནང་རྒྱུ་ཡིན་ཞིང༌། ལྷན་ཚོགས་དེ་མ་ཚུགས་པའི་གོང་རེས་གཟའ་ཉི་མའི་ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་ལི་མང་སྦཀ་དང་མཇལ་འཛོམ་གནང་རྒྱུ་དང༌། དེ་རྗེས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་དང་གལ་གནད་ཆེ་བའི་གནད་དོན་ཁག་ཅིག་ཐོག་བཀའ་མོལ་གནང་རྒྱུའི་འཆར་གཞི་ཡོད་པ་རེད། རེས་གཟའ་ཟླ་བའི་ཉིན་རིང་མིན་སྲིད་འཛིན་ནས་འཕོ་འགྱུར་འགྲོ་རྒྱུ་ཡིན་པའི་ར་ཤི་ཡའི་སྲིད་འཛིན་ཌིམི་ཏྲི་མེརྡ་ལྦེ་རྡེལྦ་དང་མཇལ་འཛོམས་གནང་སྟེ། དེ་ནི་ར་ཤི་ཡའི་སྲིད་འཛིན་འཕོ་འགྱུར་མ་འགྲོ་རྒྱུར་སོང་ད་རེས་ཨོ་སྦ་མ་དང་མཇལ་འཕྲད་དང་ཁོང་གི་མཇལ་འཕྲད་མཐའ་མ་ཡིན་ཞིང༌། ད་དུང་ཨོ་སྦ་མ་མཆོག་གིས་ལྷན་ཚོགས་དེར་ཕེབས་པའི་ཀྲར་ཀི་ དང་ཀ་ཛ་ཀིསི་ཏན་གྱི་དབུ་ཁྲིད་དང་མཇལ་འཛོམས་གནང་རྒྱུ་ཡིན་པ་རེད།།