ཨ་རིའི་སྲིད་འཛིན་དང་༸གོང་ས་མཆོག་མཇལ་འཕྲད་གནང་སྲིད།
2009.07.19
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོའི་ལོ་མཇུག་ཏུ་ཨ་མི་རི་ཀའི་ནང་ཆིབས་བསྒྱུར་གནང་སྐབས་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུའི་མཛད་རིམ་སྐོར་ཨ་རིའི་གཞུང་གིས་དཔལ་ལྡན་སྐུ་སྒེར་ཡིག་ཚང་ལ་འབྲེལ་བ་གནང་བཞིན་ཡོད་ལུགས་རྒྱ་གར་ཉིན་རེའི་གསར་ཤོག་ཀྲའེམ་སེ་ཨོཕ་ཨིན་ཌི་ཡ་ཞེས་པའི་ནང་གནས་ཚུལ་བཀོད་འདུག
རྒྱ་ནག་གཞུང་གིས་༸གོང་ས་མཆོག་ཁ་བྲལ་བ་ཡིན་པའི་སྐྱོན་འཛུགས་དང་སྦྲགས་ཕྱིའི་རྒྱལ་ཁབ་ཁག་ཏུ་གདན་ཞུ་དང་ཡུལ་དེ་དག་གི་དབུ་ཁྲིད་ལྷན་དུ་མཇལ་འཕྲད་གནང་བར་རྒྱ་ནག་གཞུང་གིས་མི་དགའ་བའི་རྣམ་འགྱུར་དངོས་ཤུགས་བརྒྱུད་གསུམ་ནས་བཏོན་གྱི་ཡོད་པ་རེད། འོན་ཀྱང་༸གོང་ས་མཆོག་ལ་འགོ་ཁྲིད་དང་མི་མང་ཆེས་མང་པོས་མངོན་པར་བསྟོད་དེ་མཇལ་ཁ་ཞུ་ཡི་ཡོད་པ་རེད། འདི་ལོ་ཕྱི་ཟླ་དགུ་པའི་ནང་༸གོང་ས་མཆོག་ཨ་རིའི་ནུབ་ཕྱོགས་མངའ་སྡེ་ཀེ་ལི་ཕོ་ནི་ཡ་དང་ཁེ་ན་ཌའི་ལྷོ་ཕྱོགས་མངའ་སྡེ་ལྦེན་ཁུ་ལྦར་གཉིས་སོ་སོར་མཛད་འཆར་ཡོད་ཅིང་དེ་ནས་ཕྱི་ཟླ་བཅུ་པའི་ནང་སླར་ཡང་༸གོང་ས་མཆོག་ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་དུ་ཆིབས་བསྒྱུར་གནང་གི་ཡོད་པ་དང་སྐབས་དེར་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་དང་མཇལ་འཕྲད་གནང་རྒྱུའི་མཛད་རིམ་གཏན་འཁེལ་ཡོང་སྲིད་པ་ཡིན་པ་རེད། རྒྱལ་ས་ལྦ་ཤིང་ཊོན་དུ་༸གོང་ས་མཆོག་གིས་སེམས་དང་སྲོག་ཅེས་པའི་ལྷན་ཚོགས་སུ་དབུ་བཞུགས་གནང་རྒྱུ་དང་དེ་བཞིན་དུས་རབས་ཉི་ཤུ་རྩ་གཅིག་པའི་འཛམ་གླིང་མི་མང་ལ་སློབ་གསོ་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་གསུང་བཤད་དང་དེ་ནས་བོད་ཀྱི་སྒྱུ་རྩལ་དང་རིག་གཞུང་གཅེས་སྐྱོང་ཁང་གིས་གོ་སྒྲིག་འོག་སྙིང་ཁམས་ཀྱི་བསྒྱུར་བ་སྟེ་དེང་རབས་ཀྱི་འཛམ་གླིང་ནང་བློ་གྲོས་འཚོལ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པ་རེད། དེ་སྔོན་ཨ་རིའི་སྲིད་འཛིན་རིམ་བྱོན་གྱིས་༸གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད་ཨ་རིའི་གྲོས་ཚོགས་ཀྱིས་གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་བ་སོགས་འཛམ་གླིང་ཡུལ་གྲུ་དུ་མའི་ནང་༸གོང་ས་མཆོག་ལ་དགའ་མགུ་ཡི་རངས་ཞུ་མཁན་གཞུང་མང་གཉིས་ཀའི་ནང་ཆེས་མང་པོ་ཡོད་པ་མངོན་སུམ་དུ་གྲུབ་ཡོད་པ་རེད།