ཨ་རིའི་དཔལ་འབྱོར་གནས་སྐབས་ཇེ་སྡུག་ཏུ་འགྲོ་རྒྱུའི་སྔོན་བརྡ།
2009.01.10
༄༅༎རེས་གཟའ་སྤེན་པའི་ཉིན་ཨ་མི་རི་ཀའི་སྲིད་འཛིན་འོས་ཐོབ་པ་སྐུ་ཞབས་སྦ་རཀ་ཨོ་སྦ་མ་མཆོག་གིས་ཨ་མི་རི་ཀའི་དཔལ་འབྱོར་ཉམས་རྒུད་ཀྱི་གནས་བབས་འདི་ཡར་རྒྱས་མ་ཕྱིན་གོང་ད་དུང་གནས་སྐབས་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པ་གསུངས་ཏེ་ཁོང་གི་སྲིད་གཞུང་གསར་པར་རེ་བ་ཆེན་པོ་བྱེད་མཁན་ཚོར་དངོས་ཡོད་ཀྱི་སྔོན་བརྡ་ཞིག་བཏང་གནང་ཡོད་པ་རེད།
འོན་ཀྱང་སྐུ་ཞབས་ཨོ་སྦ་མས་ཨ་མི་རི་ཀའི་མི་དམངས་ཀྱིས་ད་ལྟའི་དཀའ་ངལ་དེར་གདོང་ལེན་བྱེད་ཐུབ་རྒྱུར་ཁོང་ལ་འདེངས་སྤབས་དང་ཡིད་ཆེས་ཡོད་པ་ཡང་གསུངས་འདུག ཁོང་གིས་དཔལ་འབྱོར་ཉམས་གསོ་དེ་མཚན་གཅིག་གི་ནང་འབྱུང་ཐུབ་ཀྱི་མ་རེད་ལ་གནས་སྟངས་བཟང་དུ་མ་འགྲོ་སྔོན་ད་དུང་ཕལ་ཆེར་ཇེ་སྡུག་ཏུ་འགྲོ་གི་རེད་ཅེས་དང་འོན་ཀྱང་ང་ཚོས་གནས་སྟངས་འདི་ལྟ་བུར་དེ་སྔོན་ཡར་གདོང་ལེན་བྱས་མྱོང་ཡོད་ལ་ང་ཚོས་ཐེངས་འདིར་ཡང་ཁྱད་དུ་འཕགས་པའི་ཨ་མི་རི་ཀའི་རྣམ་དཔྱོད་སྟོན་ཏེ་ཕྱར་བ་གྲུ་འདེགས་ཀྱི་ཐོག་ནས་དཀའ་ངལ་འདི་ལས་ཐར་བ་བྱ་ཐུབ་རྒྱུར་ངོས་རང་ལ་ཡིད་ཆེས་ཡོད་ཅེས་གསུངས་འདུག