༸གོང་ས་མཆོག་ནས་རྒྱལ་ས་ལྦ་ཤིང་ཀྲོན་དུ་མཛད་འཆར་སྐོར།
2009.10.06
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁེ་ན་ཌའི་ནང་གི་གྲོང་ཁྱེར་ཁག་གསུམ་དང་ནིའུ་ཡོག་བཅས་ནང་གི་རླབས་ཆེན་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ཁ་ས་ཕྱི་ཟླ་བཅུ་པའི་ཚེས་ལྔ་ཉིན་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཆིབས་བསྒྱུར་བདེ་བར་འཁོད་གནང་མཛད་ཡོད་པ་རེད།
དེ་རིང་ཨ་མི་རི་ཀའི་ཤར་ཕྱོགས་ཀྱི་སྔ་དྲོའི་ཕྱག་ཚོད་བཅུ་པ་ཙམ་ལ་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་མི་འདས་པོ་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ལྷག་པར་དུ་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་སྐུ་ཞབས་ཊོམ་ལེན་ཊོསི་དྲན་གསོའི་མཚན་ཐོག་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་ཐེངས་དང་པོ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུ་རྒྱུ་ཡིན་ཞིང་དེའི་གོང་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་དབུས་པའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ཀྱང་གནང་རྒྱུ་ཡིན་པ་རེད།
འོན་ཀྱང་ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་དང་ཐེངས་འདིར་མཇལ་འཕྲད་གནང་རྒྱུའི་མཛད་འཆར་མེད་ཅིང་སྲིད་འཛིམ་ཨོ་སྦ་མ་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་ནག་ཏུ་ཕེབས་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་ཡིན་ལུགས་གསལ་བསྒྲགས་གནང་ཡོད་པ་རེད།
ཕྱི་ལོ་༡༩༩༡ལོར་ཨ་མི་རི་ཀའི་སྲིད་འཛིན་བཞི་བཅུ་ཞེ་གཅིག་པ་ཇོརཇ་ཧར་བཊ་སྦུཤི་མཆོག་ནས་དབུ་བཙུགས་སྟེ་ཨ་མི་རི་ཀའི་སྲིད་འཛིན་བཞི་བཅུ་ཞེ་གཉིས་པ་སྦིལ་ཀི་ལིན་ཊེན་མཆོག་དང་སྲིད་འཛིན་བཞི་བཅུ་ཞེ་གསུམ་པ་ཇོརཇ་ཌབ་ལུ་སྦུཤི་བཅས་ཚང་མས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ཡོད་པ་རེད། སྲིད་འཛིན་ཨོ་སྦ་མས་ཁོང་རྒྱ་ནག་ཏུ་ཕེབས་རྗེས་མ་གཏོགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་མིན་ལུགས་བརྗོད་བཞིན་པ་དེར་ཨ་མི་རི་ཀའི་གསར་འགྱུར་བརྒྱུད་ལམ་ཁག་དང་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་པ་བཅས་ནས་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་ཡོད་ཅིང་ཨ་མི་རི་ཀའི་སྲིད་འཛིན་ལས་ཁུངས་དང་ཕྱི་སྲིད་ལས་ཁུངས་གཉིས་ཀའི་ངོས་ནས་འདས་པའི་ཉིན་གཉིས་རིང་ཨ་རིའི་གཞུང་གི་ལངས་ཕྱོགས་དེར་དག་འབུད་བྱེད་དགོས་ཆགས་ཡོད་པ་རེད།