བཙན་བྱོལ་བོད་གཞུང་གི་གཞུང་ཞབས་རྒན་གྲས་ཤིག་སྐུ་གཤེགས༎
2011.04.22
༄༅༎བཙན་བྱོལ་བོད་གཞུང་བདེ་སྲུང་ལས་ཁང་གི་ཟུང་དྲུང་དང་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་ནང་ལྷག་བསམ་ཆེ་བསྐྱེད་ཀྱི་ཞབས་ཞུ་གནང་མཁན་གཞུང་ཞབས་རྒན་གྲས་བཀྲིས་ཆོས་དར་ལགས་ནད་མནར་དབང་གིས་སྨན་བཅོས་གང་ཡོང་ཞུས་ཀྱང་དྲག་སྐྱེད་མ་བྱུང་བར་ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ཕྱི་ཟླ་བཞི་པའི་ཚེས་༡༨ཉིན་ཨ་རིར་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག བཀྲིས་ཆོས་དར་ལགས་དམ་པ་འདི་ཉིད་ནི་ཕྱི་ལོ་༡༩༣༧ལོར་བོད་ལྷོ་ཁ་མཚོ་སྣ་རྫོང་ཁོངས་སུ་ཡོད་པའི་བྲེ་ཉ་བྱང་དམར་ཁྱིམ་དུ་འཁྲུངས་པ་དང་ རང་ལོ་༨ནས་བཅུ་གཅིག་བར་ཇ་ཡུལ་རྫོང་དུ་ཡབ་གཞིས་ནས་ཆེད་འཛུགས་གནང་བའི་སློབ་གྲར་བོད་ཡིག་འབྲི་ཀློག་སྦྱང་ ཕྱི་ལོ་༡༩༥༦ལོར་༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱ་ལོ་དོན་གྲུབ་ལགས་ཀྱིས་གསང་བའི་ཐོག་འདེམས་སྒྲུབ་གིས་མོན་རྟ་དབང་བརྒྱུད་རྡོ་རྗེ་གླིང་དུ་ལོ་གསུམ་རིང་དབྱིན་སྐད་དང་རྩིས་སོགས་སྦྱང་གནང་ཡོད་པ་དང་ ཕྱི་ལོ་༡༩༥༩ལོར་བོད་རིགས་ན་གཞོན་དུ་མ་ཞིག་དང་མཉམ་ཨ་རིའི་མངའ་སྡེ་ཁ་ལ་ར་ཊོར་དུ་ལོ་གསུམ་རིང་སྐད་བསྒྱུར་ལས་ཀ་གནང་ཏེ་ མཐར་ཕྱི་ལོ་༡༩༦༡ལོར་རྒྱ་གར་དུ་ཕྱིར་ལོག་གནང་ཡོད་ཅིང་ ཕྱི་ལོ་༡༩༦༢ལོར་གསང་བའི་ལས་དོན་ཐོག་ལྦ་ཤིང་ཀྲོན་ཌི་སིའི་ཇོཇ་ཀྲའོན་སློབ་གྲ་ཆེན་མོ་དང་ཀོར་ནེལ་སློབ་གྲ་ཆེན་མོའི་ནང་སྐད་ཡིག་འཕེལ་རྒྱས་དང་རྒྱལ་སྤྱིའི་ཆབ་སྲིད་འགྲོ་སྟངས་འཛིན་སྐྱོང་གི་སློབ་སྦྱོང་ཡང་གནང་ཡོད་པ་རེད་ རྒྱ་གར་དུ་ཕྱིར་ལོག་ཕེབས་རྗེས་སྔ་རྗེས་ལྡི་ལི་གསུམ་འབྲེལ་ལས་ཁུངས་ནང་ལས་བྱེད་དང་ ལྡི་ལི་བོད་གནས་ཉམས་ཞིབ་ཁང་གི་འགན་འཛིན་ཕྱག་ལས་གནང་ཏེ་ ཕྱི་༡༩༩༩ལོར་ཟུང་དྲུང་གནས་རིམ་ཐོག་རྒས་ཡོལ་ཞུས་ནས་ཨ་རིར་ནང་མི་ཟླ་བསྒྲིལ་ཁོངས་སུ་ཕེབས་ཏེ་སྐུ་ཚེ་མ་ཟིན་བར་ཨ་རིར་བཞུགས་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་འཁོད་འདུག་