ལྷོ་ཨ་མི་རི་ཁའི་ནང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གསར་འཛུགས།
2015.02.24
བོད་མིའི་སྒྲིག་འཛུགས་ཀྱིས་ལྷོ་ཨ་མི་རི་ཁའི་ནང་སྐུ་ཚབ་དོན་གཅོད་ཁང་གསར་འཛུགས་གནང་གཏན་འཁེལ་འདུག
དེ་ཡང་འདི་ཚེས་༢༤ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། ལྷོ་ཨ་མི་རི་ཁའི་གླིང་ཆེན་ཁུལ་གྱི་རྒྱལ་ཁབ་རྣམས་ལ་འབྲེལ་བ་གནང་མཁན་ད་བར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ནང་ལྷོ་ཨ་མི་རི་ཁའི་འབྲེལ་མཐུད་པ་ཞེས་པའི་མིང་གནས་ཅན་གྱི་འགན་འཛིན་ལས་བྱེད་གཅིག་ཡོད་པ་དང་། འདས་པའི་ལོ་གཉིས་ནང་ལྷོ་ཨ་མི་རི་ཁར་སྐུ་ཚབ་དོན་གཅོད་ལས་ཁུངས་ཤིག་ཟུར་འཛུགས་གནང་རྒྱུའི་ཐད་རྟོག་ཞིབ་དང་འཆར་འགོད་ལས་དོན་རིམ་པར་ཞུས་འབྲས་སུ། ཕྱི་ལོ་༢༠༡༥ཟླ་༤ ཚེས་༡ནས་ལྷོ་ཨ་མི་རི་ཁའི་གླིང་ཆེན་ཁུལ་གྱི་རྒྱལ་ཁབ་དང་ས་ཁུལ་རྣམས་ཀྱི་ཆེད་བྭ་རྭ་ཛིལ་Brazilདུ་བོད་ཀྱི་རིག་གཞུང་ཁང་Tibet House Brazilགི་ངོ་བོར་ལྷོ་ཨ་མི་རི་ཁའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཤིག་གསར་འཛུགས་གནང་རྒྱུའི་ཐག་གཅོད་གནང་བ་དང་སྦྲགས། བཀའ་ཤག་ནས་ད་ལྟ་ལྷོ་ཨ་མི་རི་ཁའི་འབྲེལ་མཐུད་པ་དྲུང་ཆེ་ཚེ་དབང་ཕུན་ཚོགས་ལགས་ལྷོ་ཨ་མི་རི་ཁའི་སྐུ་ཚབ་དོན་གཅོད་གསར་པར་བསྐོ་གཞག་གནང་འདུག སྐུ་ཚབ་དོན་གཅོད་ཀྱི་ལས་ཡུན་ཡང་དེ་ཉིན་ནས་དབུ་འཛུགས་གནང་རྒྱུ་ཡིན་འདུག སྐུ་ཞབས་ཚེ་དབང་ཕུན་ཚོགས་ལགས་ནི་རྒྱ་གར་ནང་འཚར་ལོངས་གནང་བའི་སྲི་ཞུ་བ་རྙིང་གྲས་ཤིག་ཡིན་པ་དང་། ཁོང་ཕྱི་ལོ་༡༩༨༩ནས་༩༠བར་ལོ་གཉིས་རིང་བོད་ཀྱི་གཞོན་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ཁང་གི་ཚོགས་གཞོན་དང་དེ་རྗེས་ཕྱི་ལོ་༡༩༩༡-༩༥ལོ་ལྔའི་རིང་ཚོགས་གཙོ་གནང་མྱོང་ཡོད་རེད།
གསར་འགོད་པ་ཀརྨ་རྒྱ་མཚོ།