ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་དང་ཐེ་ཝན་གྱི་ངལ་རྩོལ་བློན་ཆེན་གཉིས་མཇལ་འཕྲད་གནང་འདུག

2025.01.15
ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་དང་ཐེ་ཝན་གྱི་ངལ་རྩོལ་བློན་ཆེན་གཉིས་མཇལ་འཕྲད་གནང་འདུག ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་དང་ཐེ་ཝན་གྱི་ངལ་རྩོལ་བློན་ཆེན་གཉིས་མཇལ་འཕྲད་སྐབས། ༠༡།༠༨།༢༠༢༥
CTA

དེ་ཡང་སྤྱི་ཚེས་༨ཉིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསར་དུ་འདེམས་བསྐོ་བྱུང་བའི་ཐེ་ཝན་གྱི་ངལ་རྩོལ་བློན་ཆེན་སྐུ་ཞབས་(Hung Sun-han)་ལགས་དང་མཇལ་འཕྲད་ཞུས་ཡོད་པ་དང་། དེའི་ཐད་དོན་གཅོད་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་མཇལ་འཕྲད་སྐབས་བློན་ཆེན་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཚམས་འདྲི་ཞུས་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཚམས་འདྲིའི་ཕྱག་བྲིས་ཕུལ་ཡོད་པ་དང་མཉམ། གསར་དུ་འདེམས་བསྐོ་བྱུང་བའི་ངལ་རྩོལ་བློན་ཆེན་སྐུ་ཞབས་ཧུང་སུན་ཧན་ལགས་ཀྱིས་དེ་སྔ་ཐེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་དང་ཚོགས་གཙོ་གཉིས་ཀའི་ཐུགས་འགན་བཞེས་མྱོང་མཁན་ཞིག་ཡིན་པ་མ་ཟད། དེ་སྔ་སློབ་ཕྲུག་ཡིན་པའི་སྐབས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་མྱོང་མཁན་ཞིག་ཡིན་པས། ད་རེས་ཁོང་གིས་ངལ་རྩོལ་བློན་ཆེན་གྱི་ཐུགས་འགན་བཞེས་བ་ནི་གནད་འགག་ཆེན་པོ་ཡིན་དུས་འཚམས་འདྲི་ཞུས་པ་དང་ཆབས་ཅིག་ཁོང་གི་ཕྱག་ལས་ཕྱི་མི་གཞིས་སྤོར་དང་འབྲེལ་བ་ཡོད་དུས་བོད་མི་ཚོར་མཐུན་འགྱུར་རྒྱབ་སྐྱོར་ཡོང་བ་དང་། མུ་མཐུད་དུ་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་བྱུང་ལ། དེ་བཞིན་བོད་ཀྱི་དིང་རི་གཙོས་ས་གནས་ཁག་ཅིག་ལ་ས་ཡོམ་གྱི་གོད་ཆགས་ཕོག་པའི་གནས་ཚུལ་དང་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་བྱེད་བཞིན་པའི་གནས་སྟངས་སོགས་སྙན་སེང་ཞུས་ཡོད་པ་ངོ་སྤྲོད་གནང་བྱུང་།
གཞན་ཐེ་ཝན་དང་འབྲེལ་བའི་གནས་ཚུལ་ཉིན་དེར་ཐེ་ཝན་ནང་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་དང་འབྲེལ་ཡོད་རྣམས་མཉམ་དུ་འཛོམས་ནས་ད་ལོ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་གྲ་སྒྲིག་གནང་ཕྱོགས་སོགས་ཀྱི་ཐད་གྲོས་བསྡུར་གནང་ཡོད་པ་མ་ཟད། ཉེ་ཆར་བོད་ཀྱི་ལ་སྟོད་དིང་རིར་ས་ཡོམ་གྱི་གོད་ཆགས་ཕོག་པའི་གནས་སྟངས་ཐད་གདུང་སེམས་མཉམ་བསྐྱེད་དང་རྒྱ་ནག་གི་དམ་དྲག་སོགས་ཀྱི་གནས་སྟངས་ཐད་ལའང་བཀའ་བསྡུར་གནང་ཡོད་འདུག


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎