རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཐོག་འཇོག་པའི་ལྟ་སྤྱོད།
2011.01.12
༄༅༎བོད་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་སློབ་སྟོན་པ་ཞིག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཐོག་འཛིན་པའི་ལྟ་སྤྱོད་ལ་འགྱུར་ལྡོག་གཏོང་ཐབས་ཀྱི་ཐབས་ལམ་འཛིན་དགོས་པའི་སྐོར་སློབ་སྟོན་བྱས་ལུགས་རྒྱ་ནག་གཞུང་འབྲེལ་ཧོན་ཆུའུ་དུས་བབ་ཞེས་པའི་ཚགས་ཤོག་ཐོག་གཟའ་ལྷག་པའི་ཉིན་གནས་ཚུལ་སྤེལ་འདུག་
བོད་རང་སྐྱོང་ཆབ་སྲིད་གྲོས་ཚོགས་ཀྱི་སྐབས་དགུ་པའི་ཚོགས་ཆེན་ཐེངས་བཞི་པའི་ཐོག་ཆབ་སྲིད་གྲོས་ཚོགས་ཀྱི་སྲིད་དོན་དང་ཁྲིམས་ལུགས་སློབ་སྟོན་པ་བློ་བཟང་བསོད་ནམས་ལགས་ཀྱིས་གཟའ་ཉི་མའི་ཉིན་ལྷན་ཚོགས་ཐོག་རྒྱ་ནག་གཞུང་འབྲེལ་དཔོན་རིགས་ནས་གཞུང་འབྲེལ་གྱི་ལམ་བུ་བརྒྱུད་ནས་རྒྱལ་སྤྱིའི་ཐོག་བོད་ནང་གི་དངོས་ཡོད་གནས་སྟངས་བརྙན་དཔར་སོགས་ཀྱི་བརྒྱུད་ལམ་ཐོག་ནས་བཏོན་ཐབས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཐོག་འཛིན་པའི་ལྟ་ཕྱོགས་ལ་འགྱུར་ལྡོག་གཏོང་ཐབས་ཀྱི་དྲིལ་བསྒྲགས་བྱེད་དགོས་པའི་སློབ་སྟོན་བྱས་ཡོད་པ་རེད་
བློ་བཟང་བསོད་ནམས་ལགས་ཀྱིས་བརྗོད་པར་གཞིགས་ན་ རྒྱལ་ཁབ་མང་པོས་གཞུང་འབྲེལ་ཐོག་ནས་ཕན་ཚུན་རིག་གཞུང་སྤེལ་རེས་དང་ དམངས་ཁྲོད་དུ་མི་མང་ཚོའི་དབར་ཕན་ཚུན་འབྲེལ་ལམ་འཛུགས་རྒྱུ་སོགས་ཀྱི་ཐབས་ལམ་ཐོག་ནས་རང་ཡུལ་གྲུའི་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་བཞིན་ མང་ཚོགས་དབར་ཕན་ཚུན་འབྲེལ་ལམ་བྱ་རྒྱུའི་ཐབས་ལམ་དེ་ནི་ཕྱི་རྒྱལ་ཡུལ་ཁག་གིས་བོད་ཀྱི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཡོང་རྒྱུར་ཐབས་ལམ་བཟང་ཤོས་ཤིག་ཡིན་ལུགས་སོགས་དྲིལ་བསྒྲགས་ཀྱི་སློབ་སྟོན་བྱས་ཡོད་པ་རེད་ ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་པོའི་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་ཞི་རྒོལ་ཆེན་པོ་བྱས་པར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་འདས་པའི་ལོ་ངོ་གཉིས་ལྷག་རིང་བོད་ནང་དམ་བསྒྲགས་བཀག་སྡོམ་གྱི་སྲིད་བྱུས་འཛིན་བཞིན་པར་ཕྱི་རྒྱལ་ཡུལ་ཁག་གིས་དཔོན་རིགས་དང་མང་ཚོགས་ཚོས་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་རིགས་ལ་སྐྱོན་བརྗོད་དང་འབྲེལ་ རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པའི་གནས་སྟངས་དེ་སེལ་ཐབས་སུ་རྒྱ་ནག་གཞུང་ཕྱོགས་ནས་ཕྱི་རྒྱལ་ཡུལ་ཁག་ནང་ རྒྱ་ནག་གཞུང་གིས་བོད་ནང་དཔལ་འབྱོར་འཕེལ་རྒྱས་བཏང་ནས་བོད་རིགས་མི་མང་ཚོའི་འཚོ་བའི་གནས་སྟངས་ཧ་ཅང་ཡག་པོ་ཡོད་ལུགས་ཀྱི་བཅོས་མའི་དྲིལ་བསྒྲགས་ཐུབ་ཐབས་ཀྱི་ཐབས་ལམ་སྣ་ཚོགས་འཛིན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ཐོག་འཛིན་པའི་ལྟ་ཚུལ་ལ་འགྱུར་ལྡོག་ཡོང་ཐབས་འབད་རྩོན་བྱེད་བཞིན་ཡོད་པ་རེད་