ཨེ་ཤི་ཡའི་ནང་རྡོ་སྣུམ་རིན་གོང་འཕར་བཞིན་ཡོད་པ།
2008.06.10
༄༅༎རྡོ་སྣུམ་གྱི་ཐོན་ཁུངས་ཆེ་བ་དང་བཟོ་སྐྲུན་བྱེད་མཁན་ སའོ་རྡི་ཨ་རེ་སྦི་ཡའི་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་ནང་རྡོ་སྣུམ་ནང་འདྲེན་བྱེད་མཁན་གྱི་རྒྱལ་ཁབ་ཁག་ནང་དེང་སྐབས་རྡོ་སྣུམ་གྱི་རིན་གོང་ཧ་ཅང་གི་མཐོ་རུ་ཕྱིན་པའི་དཀའ་ངལ་ཐོག་བཀའ་བསྡུར་གནང་དགོས་པའི་འབོད་སྐུལ་གནང་མིན་ལ་མ་ལྟོས་པར་དེ་རིང་མུ་མཐུད་ཨེ་ཤི་ཡའི་ནང་རྡོ་སྣུམ་རིན་གོང་འཕར་བཞིན་ཡོད་པ་རེད།
རེས་གཟའ་ཟླ་བའི་ཉིན་སའོ་རྡི་ཨ་རེ་སྦི་ཡ་རྒྱལ་ཁབ་ཀྱི་ཕྱོགས་ནས་རྡོ་སྣུམ་ཉོ་སྒྲུབ་བྱེད་མཁན་གྱི་རྒྱལ་ཁབ་ཚོར་དཀའ་ངལ་དེའི་ཐོག་བཀའ་བསྡུར་བྱ་རྒྱའི་འབོད་སྐུལ་ཞུས་ཏེ་འབོད་སྐུལ་དེ་ཡིས་དེང་སྐབས་ཨེ་ཤི་ཡ་གཙོས་པའི་རྒྱལ་སྤྱིའི་ནང་རྡོ་སྣུམ་གྱི་རིན་གོང་འཕར་བཞིན་པའི་དཀའ་རྙོག་སེལ་རྒྱུར་ཕན་ཐོགས་རྒྱུ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཅིང༌། ལྷག་པར་དུ་གནས་ཚུལ་དབྱེ་ཞིབ་པ་ཁག་ཅིག་གིས་རྡོ་སྣུམ་ལྕགས་ཀྲིང་གཅིག་ལ་རིན་གོང་ཨ་རིའི་ཌོ་ལར་༡༥༠ བར་འཕར་སྲིད་པའི་ཚོད་དཔགས་བྱེད་ཀྱི་ཡོད་པ་བརྟེན་རྡོ་སྣུམ་ལས་དོན་ཐད་ཀྱི་འབྲེལ་ཡོད་མི་སྣས་གསུང་ན། གང་ལྟར་རྡོ་སྣུམ་ལྕགས་ཀྲིང་གཅིག་ལ་རིན་གོང་ཨ་རིའི་ཌོ་ལར་༡༠༠འི་འགོ་ཏུ་འགྲོ་རྒྱུའི་རེ་བ་མེད་པ་དང་ཁྲོམ་རྭའི་ནང་དེ་ལྟ་བུ་རིན་གོང་དམའ་རུ་གཏོང་ཐུབ་པའི་ནུས་པ་ལྡན་པའི་ཆ་རྐྱེན་གང་ཡང་མེད་པར་བརྟེན་གནས་ཚུལ་དབྱེ་ཞིབ་པས་མ་འོངས་རྡོ་སྣུམ་གྱི་ལྕགས་ཀྲིང་གཅིག་ལ་ཨ་རིའི་ཌོ་ལར་༡༥༠ བར་འཕར་རྒྱུའི་མངོན་དཔགས་བྱེད་པའི་རིན་གོང་མཐོ་པོ་དེ་ལྟ་བུར་མ་སླེབས་གོང་ལ་རྡོ་སྣུམ་ཐོན་སྐྱེ་བྱེདམཁན་གྱི་སའོ་རྡི་ཨ་རེ་སྦི་ཡ་རྒྱལ་ཁབ་དང་རྡོ་སྣུམ་ཉོ་སྒྲུབ་བྱེད་མཁན་གྱི་རྒྱལ་ཁབ་ཚོའི་བར་གྲོས་མོལ་གནང་རྒྱུ་གལ་འགངས་ཆེན་པོ་ཡིན་པ་ངོས་འཛིན་གནང་གི་ཡོད་པ་རེད།