བོད་དོན་རྒྱབ་སྐྱོར་བ་ཞིག་པེ་ཅིང་ནས་རང་ཡུལ་དུ་འབྱོར་འདུག
2008.08.17
༄༅༎རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་ཡོད་པའི་ སི་སི་ཊི་ལྦི་ ཞེས་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་ལས་ཁང་གི་ཐོག་ནས་རས་གཞི་དཀར་པོའི་སྟེང་སྣག་ཚ་ནག་པོས་བོད་རང་བཙན་ཞེས་འབོད་ཚིག་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཀའི་ཐོག་འཁོད་པའི་ཕྲེད་དར་དཔྱང་མཁན་དབྱིན་ཇིའི་གཞོན་ནུ་ ཕི་ལིབ་ཀཀ་ གཟའ་པ་སངས་ཉིན་རང་ཡུལ་དུ་ཕེབས་འབྱོར་བྱུང་འདུག རང་ལོ་༢༤སོན་པའི་ཕི་ལིབ་ཀཀ་ཡིས་བོད་དོན་ཆེད་པེ་ཅིང་ནང་ངོ་རྒོལ་ལས་འགུལ་སྤེལ་ནས་ཆུ་ཚོད་༢༤ཡང་མ་ཕྱིན་པའི་རྗེས་སུ་རང་གི་ལུང་པར་ལོག་རྒྱུ་བྱུང་བ་དེར་དགའ་པོ་བྱུང་ཞེས་དབྱིན་ཇིའི་བི་བི་སི་གསར་ལང་ཁང་ལ་གསུངས་འདུག ཕི་ལིབ་ཀཀ་དང་ནི་ཁོལ་རའེ་ཁོ་རོཕ་གཉིས་ནས་བོད་རང་བཙན་འཁོད་པའི་ཕྲེད་དར་དེ་སི་སི་ཊི་ལྦི་ཞེས་རྒྱ་ནག་གཞུང་འབྲེལ་གྱི་བརྙན་འཕྲིན་ལས་ཁང་སྟེང་ནས་མར་དཔྱང་པ་དང་ལས་འགུལ་དེའི་ནང་མཉམ་བཞུགས་གནང་མཁན་ཨ་མི་རི་ཀ་བ་དང་ཁེ་ན་ཌ་ ཨོ་སོ་ཀྲོ་ལི་ཡ་བཅས་ནས་ཡིན་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་སྡོམ་ལྔ་ཡོད་པ་རྣམས་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་གིས་ཕྱིར་འབུད་བཏང་ཡོད་པ་རེད་ ཕི་ལིབ་ཀཀ་ཡི་ཨ་མ་ལྦེན་ཌི་ཤའལ་ཊོན་ཡིས་རང་གི་བུ་འཛིན་བཟུང་བྱས་པ་སྤྱི་དང་ལྷག་དོན་དུ་རྒྱལ་ཁབ་གཞན་ཞིག་ནང་འཛིན་བཟུང་བྱས་པའི་གནས་ཚུལ་གོ་དུས་སེམས་འཕྲལ་བྱུང་ ཡིན་ནའང་བུ་ཕི་ལིབ་ཡིས་བོད་མིའི་ཆེད་དུ་ལས་དོན་སྤེལ་བཞིན་པ་ཁག་ལ་སྤོབ་པ་ཆེན་པོ་ཡོད་ལ་ དགའ་པོ་ཞེ་དྲག་བྱུང་ཞེས་གསུངས་འདུག གོང་ཞུས་ཀྱི་ངོ་རྒོལ་ལས་འགུལ་ཐེ་བའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་ད་བར་རྒྱ་ནག་གི་རྒྱལ་ས་པེ་ཅིང་རང་ལ་ངོ་རྒོལ་ལས་འགུལ་ཐེངས་མ་དྲུག་སྤེལ་ཡོད་པ་རེད་ རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་ ཆིན་ཀང་ ཡིས་རྒྱ་ནག་ནང་ཆོག་མཆན་མེད་པའི་ངོ་རྒོ་རྔམ་སྟོན་བྱེད་མི་ཆོག་པའི་སྔོན་བརྡ་བཏང་ཡོད་པའི་གནས་ཚུལ་འདུག།