རྒྱ་གར་གཞུང་དམངས་ལ་བཀའ་དྲིན་རྗེས་དྲན།
2009.04.01
༄༅༎བཙན་བྱོལ་བོད་མི་རྣམས་ལ་འདས་པའི་ལོ་ངོ་ལྔ་བཅུའི་རིང་བཙན་བྱོལ་ནང་བོད་མིའི་རིག་གཞུང་འཚོ་གནས་དང་བོད་ཀྱི་འཐབ་རྩོད་ཀྱི་ངོ་བོ་རྒྱུན་སྐྱོང་ལ་བླ་ན་མེད་པའི་རོགས་སྐྱོར་གནང་དང་གནང་བཞིན་པར་བཀའ་དྲིན་རྗེས་དྲན་ཞུ་ཆེད་ཁ་ས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཆོས་ལུགས་རིས་མེད་ཀྱི་ལྷ་ཁང་མང་པོ་ཞིག་ནང་ཆེད་ཕེབས་ཀྱིས་རྒྱ་གར་གཞུང་དམངས་གཉིས་ལ་བཀའ་དྲིན་རྗེས་དྲན་གྱིས་སྨོན་འདུན་གནང་ཡོད་པ་རེད།
ཁ་ས་ཕྱི་ཟླ་གསུམ་པའི་ཚེས་སུམ་ཅུ་སོ་གཅིག་གི་ཉིན་མོ་དེ་ནི་ལྔ་བཅུ་ང་དགུའི་ལོར་རྒྱ་ནག་གིས་བོད་ལ་དྲག་པོའི་བཙན་འཛུལ་གྱི་རྐྱེན་པས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་འབུམ་ཕྲག་ལྷག་པ་བཙན་བྱོལ་དུ་གྱར་དགོས་གྱུར་ཏེ་༸གོང་ས་མཆོག་རྒྱ་གར་གྱི་ས་ཁུལ་ནང་བཙན་བྱོལ་དུ་ཞབས་སོར་འཁོད་དེ་ལོ་ངོ་ལྔ་བཅུ་འཁོར་བའི་ཉིན་མོ་དེ་ཡིན་ཞིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་རྒྱུའི་ཐུགས་ཐད་བཅད་པ་དེ་དགོངས་བཞེས་ཡག་པོ་ཞིག་བྱུང་ཡོད་པ་དང་རྒྱ་གར་གཞུང་དམངས་གཉིས་ཀྱིས་འདས་པའི་ལོ་ངོ་ལྔ་བཅུའི་རིང་བཙན་བྱོལ་བོད་མི་རྣམས་ལ་གདུང་སེམས་ཉམས་སྐྱེད་ཀྱིས་དཔལ་འབྱོར་གྱི་མཚོན་གང་ཅིའི་རོགས་སྐྱོར་གནང་བར་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་ཆེ་ཞུ་ཡི་ཡོད་ཅེས་གསུངས་ཡོད་པ་རེད།
སྤྱི་ནོར་༸གོང་ས་མཆོག་ནས་ཁ་ས་ཉིན་ཧྲིལ་པོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་ཧིན་རྡུ་དང་ཁ་ཆེ།ཇེན་དང་ཡང་ཡི་ཤུའི་དང་ཇིའུ་ཆོས་རྒྱུད་ཀྱི་གཙོས་པའི་ཆོས་ལུགས་རིས་མེད་ཀྱི་ལྷ་ཁང་མང་པོ་ཞིག་ལ་ཆེད་ཕེབས་ཀྱིས་སྨོན་ལམ་གསོལ་འདེབས་གནང་བ་བརྒྱུད་རྒྱ་གར་གཞུང་དམངས་གཉིས་ཀྱི་བཀའ་དྲིན་ལ་རྗེས་དྲན་གནང་ཡོད་པ་དང་སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་ལྷན་ཚོགས་ལ་རྒྱ་གར་ནི་ནང་ཆོས་ཀྱི་འབྱུང་ཁུངས་དེ་ཡིན་པའི་རང་ཉིད་རྒྱ་གར་གྱི་བུ་ཡིན་པར་ངོས་འཛིན་གནང་གི་ཡོད་ཅེས་དང་ཡང་༸གོང་ས་མཆོག་གིས་རྒྱ་གར་ནང་གི་ཆོས་ལུགས་རིས་མེད་ཀྱི་སྲོལ་རྒྱུན་བཟང་པོ་དེར་བསྔགས་བརྗོད་ཆེ་ཤོས་དེ་ཡོད་ཅེས་གསུངས་ཡོད་པ་རེད། གནས་ཚུལ་ཐོན་ཁུངས་ལ་གཞིགས་ན་ཁ་སའི་སྤྱི་ནོར་༸གོང་ས་མཆོག་གི་མཛད་འཆར་དེ་ནི་བཙན་བྱོལ་བོད་གཞུང་དམངས་གཉིས་ཀྱིས་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་རྒྱ་གར་གྱི་རྒྱལ་ས་ལྡི་ལིའ་ནང་གོ་སྒྲིག་ཞུས་པའི་ཉིན་ལྔའི་མཛད་སྒོའི་མཇུག་སྒྲིལ་དེ་ཡང་ཡིན་པ་དང་བཙན་བྱོལ་གཞུང་དམངས་གཉིས་ཀྱིས་རྒྱ་གར་གཞུང་དམངས་ལ་བཀའ་དྲིན་རྗེས་དྲན་གྱི་ཕྱོགས་མཚུངས་ཀྱི་གཞུང་འབྲེལ་མཛད་སྒོ་ཞིག་བཙན་བྱོལ་བོད་གཞུང་གི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་ཡང་གོ་སྒྲིག་གནང་ཡོད་འདུག