འབྲུག་པའི་སྐྱབས་བཅོལ་བ་བཞི་བརྒྱ་ལྷག་ཕྱི་རྒྱལ་ལ་བཏང་བ།
2008.05.11
༄༅༎བལ་ཡུལ་ནང་རྟེན་གཞི་བྱས་པའི་འབྲུག་པའི་སྐྱབས་བཅོལ་བ་བཞི་བརྒྱ་ལྷག་ཕྱི་རྒྱལ་ལ་གཏན་སྡོད་ཆེད་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱལ་སྤྱིའི་ཕྱི་མི་གཞིས་སྤོ་སྒྲིག་འཛུགས་ཀྱིས་བལ་ཡུལ་ནང་རྟེན་གཞི་བྱས་པའི་འབྲུག་པའི་སྐྱབས་བཅོལ་བ་༤༢༢རྒྱལ་ཁབ་གསུམ་ཁ་ཤས་ནང་གཏན་སྡོད་ཆེད་བཏང་ཚར་ཡོད་ལུགས་རེས་གཟའ་ཉི་མའི་ཉིན་ ཧི་མ་ལ་ཡའི་དུས་བབས་ཞེས་པའི་གསར་ཤོག་གིས་གནས་ཚུལ་སྤེལ་འདུག
རྒྱལ་སྤྱིའི་ཕྱི་མི་གཞིས་སྤོ་སྒྲིག་འཛུགས་ཀྱིས་ཕྱི་ལོ་༢༠༠༧ལོར་བལ་ཡུལ་ཤར་ཕྱོགས་ཇཱ་པ་རྫོངས་ཁུལ་གྱི་རྡ་མཁ་ས་གནས་སུ་ལས་ཁུངས་གསར་འཛུགས་ཀྱིས་སྐྱབས་བཅོལ་བ་དེ་དག་ལ་གཞིས་སྤོའི་ལས་འགུལ་འགོ་བཙུགས་གནང་ཡོད་རེད་ ལོ་བཅུ་བདུན་གོང་ནས་ཡོད་པའི་སྐྱབས་བཅོལ་བ་འབུམ་གཅིག་དང་ཁྲི་དྲུག་ཡོད་པའི་ཁོངས་ནས་༤༢༢འདི་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུའི་ཉིན་ ཨ་མི་རི་ཀའི་གཙོས་པའི་ཕྱིའི་རྒྱལ་ཁབ་ནང་བཏང་ཡོད་པ་མ་ཟད་ ཨ་མི་རི་ཀས་སྐྱབས་བཅོལ་བ་ཁྲི་དྲུག་ལེན་རྒྱུའི་ཁས་ལེན་གནང་ཡོད་འདུག་པའི་ཐོག ཁེ་ན་ཌའི་གཞུང་གིས་སྐྱབས་བཅོལ་བ་ལྔ་སྟོང་ཙམ་ལེན་རྒྱུའི་ཁས་ལེན་གནང་ཡོད་ལུགས་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྷན་ཁང་གིས་གསུངས་ཡོད་འདུག།