དགོས་པ་དང་རྩ་དོན་གསུམ་བཟུང་བའི་གོམ་བགྲོད་ལས་འགུལ་བ་ཚོ་རྡ་སར་འབྱོར་འདུག
2018.03.30
མོན་རྟ་དབང་གི་ཞི་བའི་གོམ་བགྲོད་པ་ཚོ་རྡ་རམ་ས་ལར་འབྱོར་བར་བོད་མིའི་སྒྲིག་འཛུགས་དང་བོད་མི་ཚོས་དགའ་བསུ་སྣེ་ལེན་ཞུས་འདུག
དེ་ཡང་ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༣༡ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་ཞབས་སོ་འཁོད་ནས་ད་བར་མི་ལོ་ ༦༠ འཁོར་ལ་ཉེ་བའི་བཀའ་དྲིན་དྲན་གསོའི་ཆེད་རྒྱ་གར་བྱང་ཤར་མོན་རྟ་དབང་ས་གནས་ཀྱི་བོད་ཀྱི་བདེན་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག ས་གནས་དང་བླངས་མི་མང་ ༥༠ ཙམ་ཞིག་གིས་གོམ་བགྲོད་དང་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་རྗེས། ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༣ ཚེས་ ༣༠ ཉིན་ཁོང་ཚོ་རྒྱ་གར་རྡ་རམ་ས་ལར་འབྱོར་ཡོད་པ་རེད།
སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། དྲིལ་བསྒྲགས་དྲུང་ཆེ་དག་པོ་བསོད་ནམས་ནོར་བུ་ལགས་གཉིས་ཀྱིས་གཙོས་པའི་རྡ་ས་ས་གནས་འགོ་འཛིན་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག། དེ་བཞིན་བོད་མི་མང་ཚོགས་ཀྱིས་ཁོང་ཚོར་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད།
ལས་འགུལ་འགན་འཁུར་བ་གཙོ་གྲས་མངའ་སྡེའི་བློན་ཆེན་ཟུར་པ་དང་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁིརི་མཱེ་ལགས་ཀྱིས་ཐེངས་འདིར་ཁོང་ཚོས་གོམ་བགྲོད་ཀྱི་ལས་འགུལ་སྐབས་དགོས་པ་དང་རྩ་དོན་ཁག་གསུམ་གཙོ་བཟུང་བྱས་ཡོད་པ་གསུངས་ཤིང་། དེ་ནི་དང་པོ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་ཞུ་རྒྱུ་དང་། གཉིས་པ་ད་བར་ལོ་ ༦༠ ཙམ་ཕྱིན་ནས་ཕལ་ཆེར་མི་རབས་གཉིས་ཙམ་འདས་ཟིན་ཞིང་། མི་རབས་གཞོན་པ་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལམ་ཁ་གང་ཞིག་བརྒྱུད་ནས་རྒྱ་གར་ལ་ཕེབས་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་མེད་སྟབས། བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་གནས་ཚུལ་དེ་ཚོ་མི་རབས་གཞོན་པ་ཚོར་ང་སྤྲོད་དང་དྲན་གསོ་གཏོང་རྒྱུ། ཡང་དོན་ཚན་གསུམ་པ་ནི། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྟ་བུ་འཛམ་གླིང་ཞི་བདེ་སྤེལ་མཁན་གྱི་དབུ་ཁྲིད་ཁང་དང་ཁོང་གི་མི་མང་གི་དཀའ་ངལ་དེ་ལོ་དྲུག་བཅུ་ཕྱིན་ཟིན་ཡང་ད་དུང་ཡང་སེལ་མ་ཐུབ་པར་གནས་ཡོད་སྟབས། ང་ཚོས་ཁོང་རྣམ་པའི་དཀའ་ངལ་བདག་སྤྲོད་ཡོང་ཆེད་བཅས་ལ་དམིགས་པ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ཡང་ལས་འགུལ་མགན་འཁུར་བ་མོན་རྡེ་རང་ནས་ཡིན་པ་གུ་རུ་སྤྲུལ་སྐུ་ལགས་ཀྱིས། གོམ་བགྲོད་རིང་ས་གནས་མི་མང་རྣམས་ལ་ཁོང་ཚོས་༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་དགོས་པའི་རྒྱུ་མཚན་ནི་བོད་རྒྱལ་ཁབ་ཆེན་པོ་དེ་རྒྱ་ནག་གཞུང་གིས་ཧམ་བཟུང་བྱས་པ་ཡིན་སྐོར་སོགས་ངོ་སྤྲོད་བྱེད་རྒྱུའི་གོ་སྐབས་བྱུང་བ་དང་། རྒྱ་གར་དབུས་གཞུང་གིས་ས་གནས་ཀྱི་གཞུང་གི་ལས་བྱེད་པ་དང་ཆབ་སྲིད་ཀྱི་མི་སྣ་ཚོ་ལས་འགུལ་དེའི་ནང་མཉམ་ཞུགས་གནང་རྒྱུ་མེད་པའི་ལམ་སྟོན་གནང་ཡོད་ཀྱང་། ས་གནས་ཀྱི་ཚོགས་པ་ཁག་དང་དགོན་སྡེ་གྲྭ་ཚང་ཁག་གིས་ལས་འགུལ་འདིར་ལམ་སྟོན་དང་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
ད་དུང་ཁོང་གིས་མོན་རྟ་དབང་ཁུལ་དེ་ནི་དེང་སང་རྒྱ་དཀར་ནག་གཉིས་དབར་ཆབ་སྲིད་ཀྱི་ཚོར་བ་ཤུགས་ཆེ་ཡོད་པའི་ས་ཁུལ་ཞིག་ཡིན་སྟབས། ཆབ་སྲིད་ཀྱི་ལས་འགུལ་སྤེལ་རྒྱུ་ཧ་ཅང་དམ་དྲག་དང་གནོན་ཤུགས་ཡོད་པའི་གནས་སྟངས་ངོ་སྤྲོད་གནང་ཡོད་པ་རེད།
གསར་འགོད་པ་སངས་རྒྱས་རྡོ་རྗེ།