པ་ཀི་སི་ཐན་གྱིས་ཏ་ལི་སྦའན་དྲག་སྤྱོད་མི་སྣ་ཞིག་འཛིན་བཟུང་།
2009.01.03
༄༅༎པ་ཀི་སི་ཐན་གཞུང་གིས་ཏ་ལི་སྦའན་གྱི་འགོ་འཁྲིད་མུའུ་ལཧ་ཨོ་མར་གྱི་མགྲིན་ཚབ་པ་ཨུསི་རྡཏ་མོ་ཧ་མརྡ་ཡ་སིར་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ཁོ་པ་དེ་སྔོན་ཡང་འཛིན་བཟུང་བྱས་ཡོད་ཀྱང་ཕྱི་ལོ་༢༠༠༧ལོར་ཏ་ལི་སྦའན་གྱིས་ཨི་ཊ་ལིའི་གསར་འགོད་པ་ཞིག་ལྐོག་བཟུང་བྱས་པ་གློད་ཚབས་སུ་པ་ཀི་སི་ཐན་གཞུང་གིས་མོ་ཧ་མརྡ་ཡ་སིར་གློད་འགྲོལ་བྱས་དགོས་བྱུང་ཡོད་པ་རེད།
གཟའ་སྤེན་པའི་ཉིན་པ་ཀི་སི་ཐན་གྱི་གསང་བའི་ལས་བྱེད་པས་འགྲེལ་བརྗོད་བྱས་པར་གཞིགས་ན་མོ་ཧ་མརྡ་ཡ་སིར་པ་ཀི་སི་ཐན་དང་ཨཕ་ག་ནི་སི་ཐན་ས་འབྲེལ་གྱི་གྲོང་ཁྱེར་པེཤི་ལྦར་གྱི་ཉེ་འགྲམ་ས་གནས་ཤིག་ནང་འཛིན་བཟུང་བྱས་ཡོད་འདུག་ལ་གྲོང་ཁྱེར་པེ་ཤི་ལྦར་གྱི་ས་གནས་ཉེན་རྟོག་པས་ཀྱང་འཛིན་བཟུང་བྱས་པའི་གནས་ཚུལ་བདེན་པ་ཡིན་པ་ཨེ་པི་གསར་འགྱུར་ལས་ཁང་ལ་བརྗོད་ཡོད་ཀྱང་ག་དུས་འཛིན་བཟུང་བྱས་ཡོད་མིན་སོགས་ཞིབ་ཕྲ་གང་ཡང་འགྲེལ་བརྗོད་བྱས་མེད་པ་རེད།
ཕྱི་ལོ་༢༠༠༡ལོར་ཨ་རིས་སྣེ་འཁྲིད་པའི་རྒྱལ་སྤྱིའི་མནའ་འབྲེལ་དཔུང་དམག་གིས་ཨཕ་ག་ནི་སི་ཐན་ནང་གི་ཏ་ལི་སྦའན་ཐོག་དྲག་རྒོལ་ཤུགས་ཆེ་བྱས་རྗེས་ཡུལ་དེའི་ནང་གནས་པའི་ཏ་ལི་སྦའན་དང་ཨེལ་ཀེ་ཌ་འཇིགས་བསྐུལ་དྲག་སྤྱོད་ཚོགས་པའི་དྲག་སྤྱོད་པ་མང་པོ་ཞིག་པ་ཀི་སི་ཐན་གྱི་ནང་བྲོས་བྱོལ་དུ་ཕྱིན་ཡོད་ཅིང་ཨོ་ས་མ་སྦིན་ལ་རྡིན་ཡང་པ་ཀི་སི་ཐན་དང་ཨཕ་ག་ནི་སི་ཐན་གྱི་ས་འབྲེལ་འཁེལ་བའི་པ་ཀི་སི་ཐན་གྱི་ནང་གནས་སྡོད་བྱེད་བཞིན་ཡོད་པ་ཡོངས་གྲགས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ཨ་མི་རི་ཀའི་གཞུང་གིས་པ་ཀི་སི་ཐན་ལ་དཔལ་འབྱོར་གྱི་རོགས་རམ་ཤུགས་ཆེ་གནང་བཞིན་ཡོད་པ་དང་པ་ཀི་སི་ཐན་གྱི་ངོས་ནས་རང་ཉིད་ཀྱི་ཡུལ་ནང་གནས་སྡོད་བྱེད་བཞིན་པའི་འཇིགས་བསྐུལ་དྲག་སྤྱོད་པ་ཚོའི་ཐོག་ཕར་རྒོལ་དྲག་གནོན་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་སྣོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་པ་རེད།
མོ་ཧ་མརྡ་ཡ་སིར་ཕྱི་ལོ་༢༠༠༡ལོར་ཨཕ་ག་ནི་སི་ཐན་ནང་གི་ཏ་ལི་སྦའན་གྱི་སྲིད་དབང་མགོ་རྟིང་སློག་པའི་རྗེས་ཏ་ལི་སྦའན་གྱི་འགོ་འཁྲིད་མུའུ་ལཧ་མོ་ཧ་མརྡ་ཨོ་མར་གྱི་མགྲིན་ཚབ་པའི་ལས་འཁུར་བླངས་ཡོད་པ་རེད།