པ་ཀི་སི་ཐན་གྱི་ཕྱི་འབྲེལ་དྲུང་ཆེ་རྒྱ་གར་དུ་ཕེབས་ཡོད་པ།
2010.02.24
༄༅༎རྒྱ་གར་དང་པ་ཀི་སི་ཐན་དབར་དགོངས་ཚུལ་མི་མཐུན་པའི་དཀའ་རྙོག་རྣམས་སེལ་ཆེད་ཞི་བའི་གྲོས་མོལ་གནང་ཆེད་ཁ་ས་པ་ཀི་སི་ཐན་གྱི་ཕྱི་འབྲེལ་དྲུང་ཆེ་སཱལ་མཱན་སྦ་ཤིར་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་འབྱོར་གནང་བཞག།
པ་ཀི་སི་ཐན་གྱི་ཕྱི་འབྲེལ་དྲུང་ཆེ་མཆོག་རྒྱལ་ས་ལྡི་ལིའི་གནམ་ཐང་དུ་འབྱོར་འཕྲལ་གསར་འགོད་པར་ ཁོང་ད་ལན་བསྐྱར་དུ་རྒྱ་གར་ནང་ཕེབས་ཐུབ་པར་ཐུགས་མཉེས་པོ་བྱུང་ཡོད་ལུགས་དང་ དེ་བཞིན་ཕྱོགས་གཉིས་ཀྱི་གྲོས་མོལ་འདིའི་མཇུག་འབྲས་བཟང་པོ་ཞིག་ཡོང་བའི་རེ་བ་ཡོད་ལུགས་གསུངས་བཞག། འོན་ཀྱང་རྒྱ་གར་གཞུང་གིས་ཕྱོགས་གཉིས་དབར་དལྟའང་ཕན་ཚུན་ཡིད་ཆེས་དེ་ཙམ་མེད་སྟབས་གྲོས་མོལ་གྱི་མཇུག་འབྲས་ཡང་དེ་ཙམ་བཟང་པོ་ཞིག་ཡོང་བའི་རེ་བ་གནང་གི་མེད་ལུགས་གསུངས་བཞག། པ་ཀི་སི་ཐན་གྱི་ཕྱི་འབྲེལ་དྲུང་ཆེ་སཱལ་མཱན་སྦ་ཤིར་མཆོག་གི་དབུ་ཁྲིད་པའི་ཚོགས་མི་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་དེས་རྒྱ་གར་ཕྱི་སྲིད་ལས་ཁང་གི་དྲུང་ཆེ་ནི་རུ་པ་མ་རའོ་མཆོག་དང་ལྷན་དུ་དེ་རིང་གྲོས་མོལ་གནང་རྒྱུ་ཡིན་འདུག ཕྱི་ལོ་༢༠༠༤ལོར་རྒྱ་གར་དང་པ་ཀི་སི་ཐན་གྱི་ཆེས་མཐོའི་དབུ་ཁྲིད་དབར་གྲོས་མོལ་གནང་རྒྱུ་འགོ་འཛུགས་གནང་ཡོད་ཀྱང་ ཕྱི་ལོ་༢༠༠༨ལོར་མུམ་སྦའེ་གྲོང་ཁྱེར་ནང་འཇིགས་སྐུལ་དྲག་སྤྱོད་པས་མི་གྲངས་༡༦༦ཙམ་དམར་བསོད་བཏང་བའི་དོན་རྐྱེན་བྱུང་བའི་རྗེས་ཡུལ་གྲུ་གཉིས་དབར་གྲོས་མོལ་གནང་མཚམས་ཡང་བཞག་དགོས་བྱུང་ཡོད་པ་རེད། འོན་ཀྱང་པ་ཀི་སི་ཐན་ངོས་ནས་འཇིགས་སྐུལ་གྱི་ལས་འགུལ་དེ་དང་འབྲེལ་བ་ཡོད་པའི་དྲག་སྤྱོད་པ་འཇུ་བཟུང་བྱེད་རྒྱུར་བཟང་ཕྱོགས་ཀྱི་མཐུན་འགྱུར་ཕྲན་བུ་གནང་བའི་རྗེས་སུ་གྲོས་མོལ་བསྐྱར་གསོ་གནང་ཐུབ་པ་བྱུང་བ་ཞིག་ཡིན་འདུག། རྒྱལ་ས་ལྡི་ལིར་ལྷན་ཚོགས་གནང་རྒྱུའི་ཉིན་གཅིག་གི་གྲོས་མོལ་འདིའི་ཐོག་པ་ཀི་སི་ཐན་ངོས་ནས་གཙོ་བོ་ས་མཚམས་རྩོད་རྙོག་སེལ་ཐབས་ཐད་གྲོས་མོལ་གནང་དགོས་སྐོར་གསུང་གི་ཡོད་པ་དང་ རྒྱ་གར་གཞུང་གིས་ཐོག་མ་འཇིགས་སྐུལ་དྲག་སྤྱོད་པའི་དཀའ་རྙོག་སེལ་ཐབས་ཐད་གྲོས་མོལ་གནང་དགོས་ལུགས་ནན་བཤད་གནང་གི་ཡོད་འདུག རྒྱ་གར་དང་པ་ཀི་སི་ཐན་དབར་གྱི་ཉིན་གཅིག་གི་ཆེས་མཐོའི་ལྷན་ཚོགས་དེ་གྲུབ་པའི་རྗེས་བཟུང་འབྲེལ་གསར་འགོད་གསལ་བསྒྲགས་དེ་འདྲ་གནང་འཆར་མིན་འདུག།