འཛམ་གླིང་གི་ཡུལ་ལུང་མང་པོར་པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་ཆེད་ལས་འགུལ་འདྲ་མིན་སྤེལ།

2021.04.26
འཛམ་གླིང་གི་ཡུལ་ལུང་མང་པོར་པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་ཆེད་ལས་འགུལ་འདྲ་མིན་སྤེལ། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་བོད་མི་ཚོས་པཎ་ཆེན་རིན་པོ་ཆེའི་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ། ༤།༢༥།༢༡
NYNJ RTYC

ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་བསྐྱར་ནན་ཞུས་འདུག
དེ་ཡང་ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་མི་(Nadine Maenza)ལགས་ཀྱིས། ལྷན་ཚོགས་དེའི་ངོས་ནས་རྒྱལ་སྤྱིའི་ནང་བསམ་བློའི་རང་དབང་མེད་པའི་བཙོན་པ་ཁག་ཅིག་སྐོར་དོ་སྣང་ཆེན་པོས་གསུངས་བའི་ནང་། དེ་སྔ་དགུང་ལོ་དྲུག་ལས་ཟིན་མེད་པའི་པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་དམར་ཤོག་ཚོགས་པས་བཙན་ཁྲིད་བྱས་བ་ནས་གར་སོང་ཆ་མེད་དུ་གྱུར་ནས་ད་བར་ལོ་ངོ་༢༦་ཕྱིན་ཡོད་པ་དང་། ཁོང་སྤྱི་ཟླ་བཞི་པའི་ཚེས་༢༥་ཉིན་དགུང་ལོ་༣༢་ཕེབས་ཡོད་ནའང་། ད་དུང་ཁོང་གི་གནས་སྟངས་དང་གར་ཡོད་གནས་ཚུལ་སོགས་ཤེས་རྟོགས་མེད་པ་དེ་ནི་ངོས་ལེན་བྱ་ཐབས་མེད་པ་ཞིག་རེད། རྒྱ་ནག་གཞུང་གིས་ཕྱིའི་རང་དབང་ཅན་གྱི་མི་སྣ་ཁོ་ལ་མཇལ་འཕྲད་འཚམས་གཟིགས་དང་། ཁོང་གི་གནས་སྟངས་ཅི་ཡིན་ཤེས་རྟོགས་བྱ་འཇུག་དགོས་པའི་ཁར། ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཁོང་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་སོགས་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་འབོད་སྐུལ་བསྐྱར་ནན་ཞུས་ཡོད་པ་རེད།
ཡང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་མི་(Nury Turkel) ལགས་ཀྱིས་༧གོང་ས་ཏཱ་ལའི་མཆོག་དང་པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་ཐད་ལ་རྒྱ་ནག་དམར་ཤོག་ཚོགས་པས་མུ་མཐུད་དུ་ཐེ་ཇུས་བྱེད་བཞིན་པ་དེ་ནི་ངོ་ཚ་ཁྲེལ་མེད་ཀྱི་བྱ་སྤྱོད་ཞིག་རེད་ཅེས་བརྗོད་འདུག

ཡང་ཁེ་ཎ་ཌའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Arif Virani)་ལགས་ཀྱིས། པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་དང་བསྟུན། བརྙན་ལམ་ནས་འཁྲུངས་སྐར་ལ་འཚམས་འདྲི་དང་འབྲེལ། ཁོང་གིས་སེམས་སྐྱོ་དགོས་པ་ཞིག་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ངོས་འཛིན་གནང་བའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་བའི་རྗེས་ད་བར་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་༢༦་ཕྱིན་པ་དང་། ཕྱི་ལོ་༢༠༡༨་ལོར་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་རྒྱ་ནག་གི་དཔོན་རིགས་ཚོར་ཉན་ཞིབ་སྐབས་པཎ་ཆེན་རིན་པོ་ཆེའི་སྐོར་འདྲི་རྩད་བྱས་བར། རྒྱ་ནག་གཞུང་གིས་ཁོང་བདེ་བར་འཚོ་བཞུགས་ཡོད་པ་ཙམ་གྱི་ལན་འདེབས་བྱས་བ་ལས་གནས་ཚུལ་གསལ་བོ་མི་བཟོ་བ་ནི་དྲང་བདེན་པ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།

panchen.png
དེ་བཞིན་ཕྱི་ཚེས་༢༦་ཉིན། རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་རུ་ཡོད་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོ་དགོན་པའི་ནང་། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་སོ་གཉིས་ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩིའི་སྐབས། བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིགས་རྒྱབ་རིན་པོ་ཆེ་ཡི་གྲྭ་ཚང་གི་བླ་སྤྱི་ལྷན་ཁང་དང་། ༧པཎ་ཆེན་ཨེར་ཏི་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་ཐུན་མོང་ནས་སྐུའི་འཁྲུངས་སྐར་ཉིན་གྱི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས། རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་། ཡབ་ཡུམ་སྐུ་མཆེད་དང་བྱ་བྲལ་རིན་པོ་ཆེ་བཅས་པ་བཙན་ཁྲིད་བྱས་ནས་ད་ཆ་ལོ་༢༦་ཕྱིན་པའི་རྗེས་སུ། ད་དུང་ཡང་ཁོང་རྣམ་པ་གར་སོང་ཆ་མེད་དུ་གྱུར་ཏེ་རྒྱ་ནག་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བདེ་བཞུགས་ཡོད་སྐོར་ཧམ་བཤད་ཙམ་ལས་གནས་སྟངས་དངོས་སྐུ་པར་ཙམ་ཡང་སྟོན་རྒྱུ་མེད་དུས། བཀྲིས་ལྷུན་པོའི་དགོན་པའི་ངོས་ནས་ཁོང་རྣམ་པ་སྐུ་འཚོ་བཞུགས་ཡོད་མིན་བློ་དོགས་དང་། སྐུ་ཕྱའི་གནས་སྟངས་ཐད་བློ་འཚབ་ཡོད་པས། རྒྱ་ནག་གཞུང་གིས་ཁོང་རྣམ་པ་འཕྲལ་དུ་གློད་དགོས་པ་དང་། ཁོང་ཚོར་རང་དབང་གི་འཚོ་བ་ལོངས་སྤྱོད་བྱེད་འཇུག་དགོས་ཅེས་དང་། ད་དུང་ཁོང་ཚོ་སྐུ་འཚོ་བཞུགས་ཡོད་ཚེ་འཛམ་གླིང་ཡོངས་ཀྱི་མི་མང་གིས་མཐོང་ཐུབ་པའི་གནས་ཚུལ་ཁ གསལ་བཟོ་དགོས་པའི་རེ་སྐུལ་བསྐྱར་ནན་གནང་ཡོད་པ་རེད།
དེ་བཞིན་ཕྱི་ཟླ་ ༤་བའི་ཚེས་༢༥་ཉིན། ༧ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུངས་གྲངས་༣༢་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་གར་གྱི་ཚོགས་པ་ཆེ་ཁག་གཉིས་བཅས་ཟུང་འབྲེལ་གྱི་ཐོག་ནས། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་དང་གར་སོང་ཆ་མེད་གྱུར་བའི་གནད་དོན་ཐད། དྲ་ལམ་བརྒྱུད་བགྲོ་གླེང་གནང་ཡོད་པ་དང་། སྐབས་དེར་གཏམ་བཤད་གནང་མཁན་གྲས་ཀྱི། སྲིད་སྐྱོང་ལ་འདེམས་ཐོན་ངེས་བའི་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་པཎ་ཆེན་རིན་པོ་ཆེ་མཆོག་རྣམས་གཉིས་བར་གྱི་ཆོས་ཕྱོགས་ཀྱི་འབྲེལ་ལམ་དང་། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚོས་ཁོང་རྣམ་གཉིས་ལ་དད་གུས་གནང་བཞིན་པའི་སྐོར་སོགས་ངོ་སྤྲོད་གཏམ་བཤད་གནང་བ་དང་། རྒྱ་ནག་གཞུང་གིས་པཎ་ཆེན་ཡང་སྲིད་གཞན་ཞིག་བསྐོ་བཞག་བྱས་བའི་དམིགས་དོན་གཙོ་བོ་ནི། མ་འོངས་པར་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་ཐེ་བྱུས་བྱ་རྒྱུའི་ལག་ཆ་ལྟ་བུར་བེད་སྤྱོད་བྱེད་རྒྱུའི་ཆེད་དུ་ཡིན་པ་གསལ་བོ་ཡིན་པས། བོད་ཕྱི་ནང་གཉིས་སུ་གནས་བའི་བོད་མི་ཚོས་རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་ཆོས་ཕྱོགས་ཀྱི་ལམ་སྲོལ་ཐོག་ཐེ་བྱུས་བྱེད་པར་དུས་ནམ་ཡང་ངོས་ལེན་གནང་ཐུབ་ཐབས་མེད་པ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་དང་། གནས་སྟངས་ཇི་ཡོད་སྐོར་ཡོངས་བསྒྲགས་བྱེད་དགོས། ང་ཚོ་བོད་མི་ཚོས་རིན་པོ་ཆེ་གཙོས་གཞན་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་མགྱོགས་མྱུར་གློད་བཀྲོལ་ཡོང་སླད་ལས་འགུལ་དང་ཤུགས་སྣོན་མུ་མཐུད་གནང་དགོས་པ་སོགས་གསུངས་ཡོད་པ་རེད།
གཞན་སྤྱི་ཚེས་༢༥་ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་། བོད་མི་ཚོས་རྐང་འཁོར་སྐོར་བསྐྱོད་ཀྱི་ལམ་ནས་རྒྱ་ནག་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙོན་ནས་གློད་བཀྲོལ་གཏོང་དགོས་པའི་ལས་འགུལ་སྤེལ་ཡོད་པ་དང་། དེ་བཞིན་ཧྥ་རན་སི་གཙོས་ཡོ་རོབ་ཀྱི་ཡུལ་གྲུ་མང་པོའི་ནང་དང་། བོད་མི་གནས་སྡོད་བྱེད་ཡུལ་ཕྱིའི་ཡུལ་ལུང་མང་པོའི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་ཆེད་རྣམ་པ་འདྲ་མིན་གྱི་ལམ་ནས་ལས་འགུལ་སྤེལ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎