པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་གཏོང་དགོས།


2018.05.17
རྒྱ་གར་སྡེ་ར་བདུན་ལ་བོད་མི་ཚོས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་ཅེད་ལས་འགུལ། ༢༠༡༨།༥།༡༧ རྒྱ་གར་སྡེ་ར་བདུན་ལ་བོད་མི་ཚོས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་ཅེད་ལས་འགུལ། ༢༠༡༨།༥།༡༧
བློ་བཟང་། /RFA

པཎ་ཆེན་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་ལོ་ངོ་ ༢༣ འཁོར་བའི་ཉིན་ས་གནས་གང་སར་གློད་གྲོལ་ཆེད་ལས་འགུལ་སྤེལ་འདུག
དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༧ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༣ འཁོར་བ་དང་བསྟུན། རྒྱལ་སྤྱིའི་བོད་དོན་ལས་འགུལ་བ་ཚོས་རྒྱལ་སྤྱིའི་གཞུང་ཁག་ལ་པཎ་ཆེན་སྐུ་ཕྲེང་༡༡པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གར་ཡོད་དང་སྐུ་ཁམས་གསལ་ཐང་དུ་བཞུགས་ཡོད་པ་ཁུངས་སྐྱེལ་ར་སྤྲོད་ཡོང་བའི་འབོད་བསྐུལ་ཆེད་ས་གནས་གང་སར་ལས་འགུལ་འདྲ་མིན་སྤེལ་ཡོད་པ་དང་། དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནས་བོད་དོན་རྒྱབ་སྐྱོར་བ་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱི་ མན་ཌཱི་ མེཀ་ཀེའོན་(Mandie McKeown) ལགས་ཀྱི་མཚན་ཐོག་ནས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། ད་བར་ལོ་ངོ་༢༣རིང་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༦ ལ་ཕེབས་སྐབས། ཁོང་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་རྒྱ་ནག་གཞུང་གིས་དབང་འཛིན་པ་ཚོས་བཙན་འཁྲིད་ཀྱིས་བཀག་ཉར་བྱས་པ་ནས་བཟུང་གར་སོང་ཆ་མེད་དུ་གྱུར་པ་ནས་བཟུང་། དུས་ད་ལྟ་ཡང་ཁོང་གར་ཡོད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གནས་ཡོད་པར་བརྟེན།  བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ཀྱིས་རྒྱ་ནག་གཞུང་ལ་གར་སོང་ཆ་མེད་དུ་སོང་བའི་པཎ་ཆེན་རིན་པོ་ཆེའི་སྐོར་ཛ་དྲག་གིས་རྒྱ་ནག་གཞུང་ལ་ཐད་ཀར་ཁ་གཏད་གདོང་ལེན་བྱེད་དགོས་པའི་འབོད་བསྐུལ་ཞུས་དགོས་པ་དང་། དེ་ཡང་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་གར་ཡོད་སོགས་ཀྱི་གནས་ཚུལ་བདེན་དཔང་བྱེད་ཐུབ་པའི་ངོ་བོའི་ཐོག་ནས་གསལ་པོ་བཟོ་དགོས་པ། དེ་བཞིན་རྒྱལ་སྤྱིའི་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་མི་སྣ་སོགས་ཀྱིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མི་ལ་ཐུག་འཕྲད་ཆོག་པ་དང༌། རིན་པོ་ཆེ་མཆོག་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཆ་རྐྱེན་གང་ཡང་མེད་པར་གློད་གྲོལ་དགོས་པར་མ་ཟད། མ་འོངས་པར་ཡང་ཁོང་རྣམ་པའི་བདེ་འཇགས་ཀྱི་ཆེད་དུ་འགན་སྲུང་དགོས་པའི་སྐོར་བཀོད་འདུག
དེ་བཞིན་དེ་ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་རྒྱལ་སྤྱིའི་མིག་ལམ་ནས་གར་སོང་ཆ་མེད་དུ་གྱུར་བའི་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཅེས་པའི་སྐར་མ་གསུམ་ཅན་གྱི་བརྙན་ཐུང་ཞིག་དབུ་འབྱེད་གནང་ཡོད་པ་དང་། བརྙན་ཐུང་དེའི་ནང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གི་དབང་སྒྱུར་འོག་གར་སོང་ཆ་མེད་དུ་གྱུར་བ་དེར་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བསྟན་པ་དང་། ལྷག་པར་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བ་རྣམས་ལ་ཞིབ་དཔྱོད་གནང་མཁན་རྒྱལ་སྤྱིའི་རྟོག་ཞིབ་ཚོགས་ཆུང་སོགས་ཀྱིས་དེའི་ཐོག་སེམས་འཚབ་སོགས་གསལ་སྟོན་གནང་བ་སོགས་བཀོད་འདུག།

གསར་འགོད་པ་ཚེ་དབང་ནོར་བུ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎