༸པཎ་ཆེན་རིན་པོ་ཆེ་དགུང་གྲངས་༣༥ ཕེབས་པའི་སྐུའི་འཁྲུངས་སྐར་བོད་མི་གནས་སྡོད་གང་སར་སྲུང་བརྩི་ཞུས་འདུག
དེ་རིང་ཕྱི་ཟླ་༤ ཚེས་༢༥ ཉིན་བྱེས་ཀྱི་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོ་དགོན་པའི་ནང་༸པཎ་ཆེན་སྐུ་ཕྲེང་༡༡པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲང་༣༥ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་དང་། དེ་བཞིན་བཞུགས་སྒར་རྡ་རམ་ས་ལག་གཙོས་པའི་བོད་མི་གནས་སྡོད་ཀྱི་ས་གནས་གང་སར་རྣམ་པ་འདྲ་མིན་གྱི་ཐོག་ནས་སྲུང་བརྩི་ཞུ་བཞིན་ཡོད་པ་རེད། དེ་ཡང་ས་གནས་ཁག་ཅིག་ཏུ་འཁྲུངས་སྐར་གྱི་དགའ་སྟོན་མཚོན་ཆེད་མངར་ཟས་ཀེཀ་བགོས་འགྲེམས་ཀྱི་ཐོག་ནས་དགའ་སྤྲོའི་དཔལ་ལ་རོལ་གྱི་ཡོད་པ་རེད། ཡང་ཕྱོགས་གཞན་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་བ་ནས་བཟུང་ད་བར་མི་ལོ་༢༩རིང་གར་སོང་ཆ་མེད་གྱུར་ཡོད་པས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལམ་ནས་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།
དེ་ཡང་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་ཡོད་པའི་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་ནང་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག བཀྲིས་ལྷུན་པོའི་མཁན་ཚབ་སྔགས་ཆེན་རིན་པོ་ཆེ་མཆོག་ནས་ཆུང་སྲིད་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་བསྟུན་ནས་བཀྲིས་ལྷུན་པོའི་བླ་སྤྱི་ལྷན་ཁང་ནས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་དེ་ལྗགས་ཀློག་གནང་བའི་ནང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་མེད་ངོས་འཛིན་གནང་བ་ནི། ལོ་རྒྱུས་ཀྱིས་ང་ཚོར་སྤྲད་པའི་འགན་དབང་ཆེན་པོ་ཞིག་ཡིན་མོད། ད་ལྟ་ཆར་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་ཧ་ཅང་ཡིད་སྐྱོ་ཞིང་ཐབས་སྡུག་གི་གནས་སྟངས་འོག་ཏུ་ལྷག་ལུས་སུ་གྱུར་ཡོད་པ་དང་། ང་ཚོ་གཞུང་སྒེར་ཚང་མས་༸རྒྱལ་མཆོག་ཡབ་སྲས་ཟུང་གི་མཛད་འཕྲིན་ལ་དུས་གཅིག་ཏུ་དབུ་འོག་དཔུང་འདེགས་ཞུ་མ་ཐུབ་པ་ནི་ཤིན་ཏུ་བློ་ཕམ་གི་གནས་སུ་གྱུར་ཡོད། ཅེས་གསུངས་སོང་།
དེ་མཚུངས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་ཟླ་བ་ཚུལ་ཁྲིམས་ལགས་ནས་དེ་རིང་༸པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་དགའ་སྐྱོ་ཟུང་འབྲེལ་གྱི་ཉིན་མོ་ཞིག་ཡིན་པ་སོགས་ཀྱི་གསུང་བཤད་གནང་སོང་།
ཡང་ལ་དྭགས་སུ་༧ཀུན་གཟིགས་༸པན་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩིའི་སྐབས། བསོད་ནམས་གླིང་ས་གནས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ལོ་ལྟར་རུ་ཐོག་ཆོས་ལྡིང་དགོན་དུ་ས་གནས་ཀྱི་བོད་པའི་གནད་ཡོད་མི་སྣ་རྣམས་ཚང་འཛོམས་ཐོག་བསངས་གསོལ་ཆོ་ག་སྒྲུབ་གནང་བ་དང་། ༸པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་ཐོབ་ཐབས་སུ་དུས་ནས་དུས་སུ་ལས་འགུལ་སྤེལ་རྒྱུ་དེ་བོད་ཀྱི་བེུད་ལྷན་ཚོགས་ནས་ལོ་གཅིག་གི་བྱེད་སྒོ་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་གནང་བའི་སྐོར་ས་གནས་བེུད་ལྷན་ཚོགས་ཀྱི་དྲུང་ཆེ་ཟླ་བ་སྒྲོལ་མ་ལགས་ཀྱི་གསུངས་གནང་འདུག
དེའི་རྗེས་༸པཎ་ཆེན་ཤེས་རིག་ཐེབས་རྩའི་ཡིག་ཚང་གིས་ལ་དྭགས་ཀྱི་སློབ་གྲྭ་ཁག་འདྲ་མིན་གྱི་སློབ་ཕྲུག་དབར་རང་སྐད་ཡར་རྒྱས་དང་བླ་མའི་མཛད་འཕྲིན་རྗེས་དྲན་ཆེད་དུ་དམིགས་ནས་བགྲོ་གླེང་འགྲན་སྡུར་ཞིག་གོ་སྒྲིག་ཞུས་བའི་ནང་གི་སྐུ་མགྲོན་གཙོ་བོར་བཀྲིས་ལྷུན་པོའི་མཁན་ཟུར་རིན་པོ་ཆེ་གཙོས་བསོད་ནམས་གླིང་གཞིས་ཆགས་ཀྱི་སྐུ་ཚབ། དེ་བཞིན་ལ་དྭགས་ནང་ཚོགས་དང་དགོན་ཚོགས་ཀྱི་སྐུ་ཚབ་གནད་ཡོད་མི་སྣ་ཁག་ཕེབས་ཡོད་པ་རེད།
ཡང་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་སྒང་ཏོག་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ས་གནས་བུད་མེད་ལྷན་ཚོགས་གཉིས་ཐུན་མོང་གི་གོ་སྒྲིག་ཐོག སྒང་ཏོག་སེར་བྱེས་འགྲོ་ཕན་གླིང་དགོན་པའི་ཚོམས་ཆེན་ནང་ས་གནས་མི་མང་ལྷན་འཛོམས་ཀྱི་སྲུང་བརྩི་ཞུས་གནང་ཡོད་པ་རེད།
འདི་གར་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་ཀུན་གཟིགས་༧པཎ་ཆེན་སྐུ་གོང་མ་བློ་བཟང་ཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་སྐུ་དངོས་སུ་མཇལ་མྱོང་མཁན་བོད་མི་མི་རབས་རྒན་པ་ཁག་ཅིག་ལ་རྒྱ་དམར་གྱི་དབང་འཛིན་འོག་རིན་པོ་ཆེས་མཆོག་གིས་བོད་མི་རིགས་ཀྱི་ལས་དོན་གོང་འཕེལ་དང་ལྷག་པར་དུ་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གོང་འཕེལ་གཏོང་རྒྱུར་ཐུགས་ཁུར་དང་མཛད་རྗེས་ཇི་ཙམ་བཞེས་ཡོད་པའི་ཐད་བཅར་འདྲི་ཞུས་པར། རང་ལོ་༧༢ སོན་པ་བོད་གཙང་གཞིས་ཀ་རྩེར་སྐྱེས་པའི་ཕུར་བུ་ཚེ་རིང་ལགས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ལྷག་པར་དུ་བོད་ཀྱི་སྐད་ཡིག་ཐོག་ཐུགས་འཁུར་ཧ་ཅང་ཆེན་པོ་བཞེས་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པ་དང་། རིན་པོ་ཆེ་མཆོག་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་ནས་གུང་གྲངས་ ༡༨ སོན་སྐབས་གཙང་བདེ་ཆེད་ཕོ་བྲང་དུ་ཟླ་གཅིག་ཙམ་གྱི་རིང་ལམ་རིམ་ཆེན་མོའི་གསུང་ཆོས་རྒྱས་པ་ཞིག་སྐུ་ན་ཆུང་དུས་གནང་ཡོད་པ་དེ་ནི་བསྔགས་བརྗོད་ཞུ་འོས་པ་ཞིག་ཡིན་པ་གསུངས་ཡོད་པ་རེད། དེ་བཞིན་སྒང་ཏོག་སེར་བྱེས་འགྲོ་ཕན་གླིང་དགོན་པའི་ཕྱག་མཛོད་དགེ་བཤེས་བློ་བཟང་དགེ་ལེགས་ལགས་ཀྱིས་ཁོང་ཆུང་དུས་བོད་དུ་པཎ་ཆེན་སྐུ་གོང་མ་མཇལ་མྱོང་ཡོད་པ་དང་རིན་པོ་ཆེ་མཆོག་གིས་བོད་ཀྱི་རིག་གཞུང་དང་ལྷག་པར་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་ཡར་རྒྱས་གོང་འཕེལ་ཆེད་དུ་རླབས་ཆེན་གྱི་མཛད་རྗེས་བཞག་ཡོད་པ་གསུངས་ཡོད།
ཡང་རང་ལོ་༧༩ སོན་པ་སྒང་ཏོག་གནས་སྡོད་བོད་མི་བསོད་ནམས་སྟོབ་རྒྱལ་ལགས་ཀྱིས་ཁོང་ཆུང་དུས་པཎ་ཆེན་རིན་པོ་ཆེ་མཆོག་ལ་མཇལ་མྱོང་ཡོད་པ་དང་། རིན་པོ་ཆེ་མཆོག་ནས་མི་རིགས་མཐུན་སྒྲིལ་དང་བོད་བསྟན་པ་ཆབ་སྲིད་ལྷག་པར་དུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་གོང་འཕེལ་གཏོང་རྒྱུར་སྐུ་ངལ་འཛེམ་མེད་བསྐྱོན་ཡོད་པ་དེ་བོད་མི་ཚང་མས་ཡིད་ལ་དྲན་པས་ཐོག་བཀྲིན་བསམ་ཤེས་གནང་རྒྱུ་གལ་ཆེ་ཡིན་པ་གསུངས་གནང་སོང་།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ ༡༩༩༥ ལོའི་ཟླ་བ་ལྔ་པའི་ཚེས་ ༡༤ ཉིན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་མཛད་པའི་ཉིན་གསུམ་གྱི་རྗེས་ཏེ་ཕྱི་ཟླ་༥ ཚེས་ ༡༧ ཉིན་མོར་རྒྱ་ནག་གཞུང་གིས་དགུང་གྲངས་དྲུག་ལ་ཕེབས་པའི་པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་སྐུ་འཁོར་དང་བཅས་པ་བཙན་ཁྲིད་བྱས་ནས་ད་བར་གར་ཡོད་གར་ཁྲིད་གནས་ཚུལ་རྩ་བ་ནས་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད།།
གསར་འགོད་པ། པདྨ་དངོས་གྲུབ། འཕྲིན་ལས་ཆོས་སྒྲོན། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།