བོད་དུ་དགེ་རྒན་བསྡུ་རྒྱུའི་རྒྱུཌ་ཤོག་སྟེང་བོད་ཡིག་བྲིས་མི་ཆོག་པ།
2009.07.20
༄༅༎བོད་ནང་དགེ་རྒན་བསྡུ་རྒྱུར་རྒྱུགས་ཤོག་སྟེང་བོད་ཡིག་བྲིས་མི་ཆོག་པའི་བཙན་བཀའ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་ཕྱི་ཚེས་བཅུ་བཞི་ཉིན་མཚོ་སྔོན་ཞིང་ཆེན་ཆབ་ཆ་མང་ར་རྫོང་དུ་མཐོ་འབྲིང་སྐད་ཡིག་གཉིས་ཀྱི་དགེ་རྒན་བསྡུ་རྒྱུའི་ཡིག་རྒྱུགས་ནང་མི་གྲངས་བརྒྱ་སྐོར་ཞིག་འཛུལ་ཞུགས་བྱས་ཡོད་པ་རེད།
ཡིག་རྒྱུགས་ཀྱི་ནང་དོན་གཙོ་བོ་ནི་གུང་བྲན་ཏང་གི་མཚོན་བྱེད་གསུམ་གྱི་སྐོར་དང་སྔ་ལོ་ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་བྱུང་བའི་གནས་ཚུལ་སྐོར་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སོགས་རྒྱ་ནག་གུང་བྲན་རིང་ལུགས་ཀྱི་རྒྱུན་གཏན་ཆབ་སྲིད་དྲིལ་བསྒྲགས་སྐོར་ཤ་སྟག་ཡིན་པ་རེད།
ལྷག་པར་དུ་རྒྱུགས་གཞི་དེ་ཐོག་མར་གསལ་བསྒྲགས་སྤེལ་བའི་ནང་དོན་ནང་མེད་པའི་ཡིག་རྒྱུགས་རྒྱ་ཡིག་ནང་འབྲི་བཅུག་པ་དེར་ཡིག་རྒྱུགས་གཏོང་མཁན་ཁག་ཅིག་གིས་འདྲི་རྩད་གནང་སྐབས་ཡིག་རྒྱུགས་བལྟ་མཁན་རྒྱ་མི་དེ་དག་གིས་བོད་ཡིག་ཤེས་ཀྱི་མེད་སྐོར་རྒྱུ་མཚན་བཤད་ཡོད་པ་རེད། རྗེས་སུ་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་བྱེད་སྐབས་ཡིག་རྒྱུགས་འཕྲོད་མཁན་མི་གྲངས་བཅུ་གསུམ་བྱུང་བ་ནས་དེའི་ཁོངས་བོད་མི་གཉིས་ལས་མེད་པ་རེད། ཡིག་རྒྱུགས་སྤྲོད་མཁན་བོད་མི་ཁག་ཅིག་གིས་ཡིག་རྒྱུགས་བོད་ཡིག་ནང་བྲིས་ཡོད་པ་དེ་དག་རྩིས་མེད་བཏང་ཡོད་པ་རེད། ཡང་ཕྱི་ཚེས་བཅུ་དྲུག་ཉིན་སློབ་གྲྭ་ཆུང་བའི་སྐད་ཡིག་གཉིས་སློབ་མཁན་དགེ་རྒན་གྱི་ཡིག་རྒྱུགས་ཤིག་ལེན་པར་དེའི་ནང་ཞུགས་མཁན་མི་གྲངས་བརྒྱ་ཡས་མས་ཤིག་བྱུང་ཡོད་ཅིང་དངོས་སུ་རྒྱུགས་འཕྲོད་མཁན་མི་གྲངས་ཉི་ཤུ་ཙམ་ཞིག་བྱུང་ཡོད་པ་རེད། ཉེ་སྔོན་གྱི་མཐོ་འབྲིང་དགེ་རྒན་གྱི་ཡིག་རྒྱུགས་དེར་བོད་ཡིག་བྲིས་མི་ཆོག་པའི་རྩོད་གླེང་བྱུང་སྟབས་ཡིག་རྒྱུགས་མཇུག་མ་དེར་བོད་ཡིག་བྲིས་ཆོག་པའི་གསལ་བཤད་འདྲི་ཤོག་ནང་བཀོད་ཡོད་པ་རེད། གནད་དོན་འདིའི་ཐོག་ནས་བོད་ནང་བོད་རིགས་གནས་སྡོད་བྱ་ཡུལ་ས་ཁུལ་ཁག་ནང་བཙན་ཤུགས་ཀྱི་ཐོག་ནས་རྒྱ་ཡིག་བཀོལ་སྤྱོད་བྱ་རྒྱུའི་ལག་བསྟར་བྱས་ཏེ་དོན་དང་དངོས་ཐོག་བོད་ནང་མི་རིགས་འདྲ་མཉམ་གྱི་སྲིད་བྱུས་ལྟར་བཞག་བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་དངོས་ཤུགས་བརྒྱུད་གསུམ་ནས་དཔེ་མཚོན་གསལ་པོ་བཏོན་ཡོད་པ་རེད།