སྤྱི་འཐུས་ཚོགས་གཙོས་དགོངས་ཞུ་དང་ཛ་དྲག་གི་བཞུགས་མོལ།
2015.03.19
བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དགོངས་ཞུ་གནང་རྗེས་ཛ་དྲག་གི་བཞུགས་མོལ་ཚོགས་འདུ་ཚུགས་འདུག
དེ་ཡང་དེང་སྐབས་བཞུགས་སྒར་རྡ་རམ་ས་ལར་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དགུ་པ་དེ་ཚུགས་བཞིན་ཡོད་པ་དང་། ཕྱི་ཚེས་༡༧ ཉིན་སྤྱི་འཐུས་གྲོས་ཚོགས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་གཏན་འབེབས་ཐད་གྲོས་མོལ་གནང་པའི་སྐབས་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས། སྤྱི་རྒྱུ་སྒེར་བདག་བྱེད་མཁན་དང་། ལྐོག་ཟ་རུལ་སུངས་བྱེད་མཁན། མི་གསོད་ཁྲག་སྤྱོར་བྱེད་མཁན་སོགས་བོད་པའི་སྤྱི་ཚོགས་ནང་དུ་ཡོད་པ་མ་ཟད། སྤྱི་འཐུས་གྲོས་ཚོགས་ནང་དུའང་ཡོད་པ་རེད་ཟེར་བའི་བཀའ་མོལ་ཞིག་གནང་ཡོད་ཅིང་། སླར་ཡང་དེ་རིང་ཕྱི་ཚེས་༡༩ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྔོན་རྩིས་གཏན་འབེབས་གནང་བཞིན་པའི་ལས་རིམ་སྐབས་སུ། སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་གནད་དོན་དེ་བསྐྱར་དུ་གླེང་བ་མ་ཟད། སྤྱི་འཐུས་སྐབས་བཅུ་གསུམ་པའི་སྐབས་ལ་མི་གསོད་ཁྲག་སྦྱོར་གྱི་རྙོག་གླེང་དང་འབྲེལ་ཏེ་བཀའ་བློན་ལ་ཕེབས་མ་ཐུབ་པའི་གང་ཟག་དེ་གྲོས་ཚོགས་ར་བ་འདིའི་ནང་དུ་ཡོད་པ་རེད་ཅེས་སོགས་བརྗོད་པ་དང་འབྲེལ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་ར་བའི་ནང་གི་སྐད་ཆ་ཁྲིམས་ལ་གཏུགས་ཆོག་གི་མེད་ཚུལ་དང་འབྲེལ་གྲོས་ཚོགས་ཕྱི་ནས་གསལ་བཤད་ར་སྤྲོད་གནང་རྒྱུའི་རེ་བ་དང་། གནན་དོན་དེ་དག་གི་ཐད་གསལ་བཤད་སྐར་མ་ཁ་ཤས་རིང་གནང་བ་དང་འབྲེལ་ཏེ་སྨྱོན་འཛུགས་དེ་འདྲ་བྱས་ཡོང་དུས་ཚོགས་གཙོའི་ལས་གནས་ནས་དགོངས་པ་ཞུ་རྒྱུ་ལས་ལམ་ཁ་གང་ཡང་མི་འདུག་ཅེས་གྲོས་ཚོགས་ཁང་ནས་ཐོན་ཡོད་པ་དང་གྲོས་ཚོགས་དུས་མིན་གྲོལ་དགོས་བྱུང་འདུག
ཉིན་རྒྱབ་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་གྲོས་ཚོགས་ལས་རིམ་འཕྲོ་སྐྱོང་གནང་པ་དང་། དགོང་དྲོར་གྲོས་ཚོགས་ཀྱིས་ཛ་དྲག་གི་བཞུགས་མོལ་ཚོགས་འདུ་ཚུགས་དགོས་པ་ཆགས་འདུག
འདི་ག་རླུང་འཕྲིན་ཁང་ནས་མུ་མཐུད་གནས་ཚུལ་འཕེལ་རིམ་རྩད་གཅོད་བྱས་སྐབས། བཞུགས་མོལ་ཚོགས་འདུའི་ནང་སྤྱི་འཐུས་ཚོགས་གཙོ་སྤྱི་འཐུས་ཚོགས་གཙོའི་ལས་གནས་ནས་དགོངས་ཞུའི་གནད་དོན་ཐོག་བསྐུར་འོས་སྤྱི་འཐུས་ཚང་མར་དགོངས་ཚུལ་གཏམ་བཤད་ཀྱི་གོ་སྐབས་ཕུལ་ཡོད་པ་དང་། སྤྱི་འཐུས་མང་ཆེ་བའི་ཚོགས་གཙོ་མཆོག་ལ་དགོངས་ཞུ་ཕྱིར་འཐེན་གནང་དགོས་པའི་རེ་འདུན་བཏོན་ཡོད་འདུག་ཀྱང་སྐབས་དེར་གསར་འགོད་པ་སོགས་མེད་པར་བརྟེན་ཚོགས་གཙོ་མཚོག་གིས་ངོས་ལེན་གནང་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གསལ་བོ་མེད་པ་རེད།
གསར་འགོད་པ་ངག་དབང་ཆོས་འཕེལ་དང་ཀརྨ་རྡོ་རྗེ།
འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་བློ་བྷེ་ཡིས་ས་གནས་ནས་བཏང་བར་གསན་རོགས་ཞུ༎
གསར་འགོད་པ་བློ་བྷེ།