༸གོང་ས་མཆོག་གིས། དཀོན་མཆོག་ལ་གསོལ་བ་འདེབས་པ་ཙམ་གྱིས་བདེ་སྐྱིད་ཡོང་གི་མེད་པར་གཙོ་བོ་ནང་སེམས་སུ་ཞི་བདེ་དགོས་གལ་ཆེ་ཞེས་རྒྱལ་སྤྱིའི་སློབ་ཕྲུག་ཁག་ཅིག་ལ་བཀའ་སྩལ་འདུག

ཨ་མི་རི་ཀའི་ནང་རྟེན་གཞི་བྱས་པའི་སྐྱིད་ཝུ་ནེམ་(Kivunim)ཞེས་པའི་བཟང་སྤྱོད་ལྡན་པའི་འཛམ་གླིང་བསྐྲུན་ཐབས་དང་འབྲེལ་བའི་ཚོགས་པས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ལོ་༢༠༢༣ ལོའི་སྤྱི་ཟླ་༥ པའི་ཚེས་༦ཉིན་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་ཨ་རི་དང་ཁེ་ན་ཌ་ནས་ཕེབས་པའི་ཇེའུ་(Jewish)མི་རིགས་ཡིན་པའི་སློབ་ཕྲུག་༤༢ ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་འདུག་ཅིང་། སྐབས་དེར་མགོན་པོ་གང་ཉིད་ནས་བདེ་སྐྱིད་ཟེར་བ་དེ་དཀོན་མཆོག་ལ་གསོལ་བ་བཏབ་པ་ཙམ་གྱིས་ཡོང་གི་མེད་པར།གཙོ་བོ་ནང་སེམས་ལ་ཞི་བདེ་དགོས་གལ་ཆེ། ངོས་ལྟ་བུར་མཚོན་ན། ཉིན་ལྟར་སྔ་དྲོ་མལ་ནས་ཡར་ལངས་མ་ཐག་ཏུ། སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ་ཙམ་མིན་པར། ཁོང་གིས་གསུངས་པའི་བསླབ་བྱ་བཟང་པོ་དེ་དག་གི་རྗེས་སུ་འཇུག་པའི་སྒོ་ནས་གཞན་དོན་སྒྲུབ་པའི་བསམ་བློ་ཉམས་ལེན་བྱེད་ཀྱི་ཡོད། ལྷག་དོན། ངོས་རང་ནི་གོ་ལ་འདིའི་ནང་འགྲོ་བ་མི་ཐེར་འབུམ་༧ ནས་༨ བར་ཡོད་པའི་ནང་ནས་གཅིག་རེད་ལ། བདེ་སྐྱིད་དགོས་ཀྱི་ཡོད་པ་ནི་ཚང་མ་གཅིག་མཚུངས་ཡིན་ཞེས་བཀའ་གནང་གི་འདུག
གོང་ཞུས་རང་དབང་རྒྱལ་ཁབ་ཁག་ཏུ་སྐྱེས་འཚར་བྱུང་བའི་་ཇེའུ་མི་རིགས་ཀྱི་སློབ་ཕྲུག་དེ་དག་གི་ཕ་མ་དང་ཡབ་མེས་ཚོར་དཀའ་ངལ་ཆེན་པོ་འཕྲད་དེ། བཙན་བྱོལ་དུ་གྱར་དགོས་བྱུང་པའི་གནས་ཚུལ་མང་དག་ཅིག་གླེང་གི་འདུག་ལ། དེ་བཞིན་བཙན་བྱོལ་བ་གཞན་ཚོའི་གནས་སྟངས་རྒྱུས་ལོན་ཆེད། ཁོང་རྣམས་ད་རེས་ཆེད་དུ་རྡ་རམ་ས་ལར་ཡོང་སྟེ།བཙན་བྱོལ་བོད་མི་རྣམས་དང་ཐུག་འཕྲད་ཀྱིས་ཕན་ཚུན་མྱོང་ཚོར་བརྗེ་རེས་དང་། དམིགས་བསལ་ཇེའུ་ཆོས་ལུགས་དང་ནང་ཆོས་སོགས་ཀྱི་ལྟ་གྲུབ་ཐད་བསམ་ཚུལ་བརྗེ་ལེན་གནང་གི་ཡོད་འདུག
ཡང་མཇལ་ཁའི་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། མགོན་པོ་གང་ཉིད་མཆོག་བཙལ་བྱོལ་བ་ཆགས་ཏེ་སྙིང་རྗེ་ཉམས་ལེན་ལ་ཕན་ཐོགས་བྱུང་སྐོར་བཀའ་སྩལ་དོན། ཁོང་ཁྲོ་ནི་སོ་སོའི་དགྲ་བོ་ངོ་མ་དེ་ཡིན། དེ་སྔོན་ངོས་རང་ཉིད་ཀྱི་རྒྱལ་ཁབ་ཤོར་བ་དང་མཉམ་དུ། རང་དབང་ཡང་ཤོར་བ་རེད། བོད་མི་ཚོར་མཚོན་ན། དཀའ་སྡུག་ཤུགས་ཆེར་མྱོང་དགོས་བྱུང་ཡོད་པ་རེད། འོན་ཀྱང་། བོད་མིར་དྲག་གནོན་བྱེད་མཁན་གྱི་རྒྱ་མི་དེ་དག་གི་མདུན་ལམ་ཡག་པོ་ཡོང་བའི་རྟག་ཏུ་སྨོན་འདུན་ཞུ་ཡི་ཡོད་ལ། དེ་དག་ལ་སྙིང་རྗེ་སྐྱེས་པ་ལས་ཁོང་ཁྲོ་ཟ་ཡི་མེད། དེ་ལྟར་བྱས་པ་ཡིན་ན། དོན་དམ་གྱིས་འཛམ་གླིང་ཞི་བདེ་སྐྲུན་ཐུབ་ཅེས་བཀའ་གནང་འདུག
ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། མུ་མཐུད་བཀའ་སློབ་སྩལ་བའི་ནང། ང་ཚོ་དང་ཁོང་ཚོ་ཟེར་བའི་དུས་ཚོད་དེ་ཡལ་ཟིན་པ་ཡིན། ཚང་མས་མཉམ་རུབ་ཀྱི་ཐོག་ནས་གོ་ལ་གཅིག་གྱུར་གྱི་ནུས་པ་གོང་མཐོར་གཏོང་རྒྱུའི་དུས་ལ་བབས་ཡོད། ནང་སེམས་ཀྱི་ཞི་བདེ་དཀྲུགས་མཁན་དེ་ཆགས་སྡང་དང་ཁོང་ཁྲོ། དེ་བཞིན་རང་གཅེས་འཛིན་གྱི་བློ་དེ་དག་ཡིན་པས། ནང་སེམས་ཀྱི་ཞི་བདེ་དང་འབྲེལ་བའི་ནང་པའི་གཞུང་ལུགས་ཁག་ལ་ཉོན་མོངས་ཀྱི་བློ་དེ་དག་ཇེ་ཉུང་གཏོང་ཐུབ་པའི་ནུས་པ་ལྡན་ཡོད་ཅེས་བཀའ་སྩལ་འདུག
ཡང་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་སཱ་ར་མཐོ་སློབ་ཀྱི་སློབ་དཔོན་གཞོན་པ་དགེ་བཤེས་བསྟན་འཛིན་དམ་ཆོས་ལགས་ནི། གོང་ཞུས་ཕྱི་རྒྱལ་སློབ་ཕྲུག་དེ་དག་རྡ་རམ་ས་ལར་ཕེབས་འབྱོར་སྐབས་འབྲེལ་འཐུད་གནང་མཁན་དེ་ཡིན་ཞིང་། ཇེའུ་མི་རིགས་ཡིན་པའི་སློབ་ཕྲུག་དེ་དག་རིམ་པས་བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་འགྲེམས་སྟོན་ཁང་། བོད་ཀྱི་དཔེ་མཛོད་ཁང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་། དེ་བཞིན་༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་བཅས་བོད་མིའི་ཚོགས་སྡེ་ཁག་སོགས་ཀྱི་ནང་ལྟ་སྐོར་དུའང་ཕེབས་ཀྱི་ཡོད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།