ཁེ་ཎ་ཌའི་ནང་གཞོན་སྐྱེས་ཁག་ཅིག་གིས་བོད་དོན་རྒྱང་རྒྱུག་གི་ལས་འགུལ་སྤེལ་བཞིན་འདུག

2022.10.10
ཁེ་ཎ་ཌའི་ནང་གཞོན་སྐྱེས་ཁག་ཅིག་གིས་བོད་དོན་རྒྱང་རྒྱུག་གི་ལས་འགུལ་སྤེལ་བཞིན་འདུག ཁེ་ཎ་ཌའི་ནང་བོད་དོན་རྒྱང་རྒྱུག་པ་རྣམས་(Montreal)་རྒྱ་ནག་གི་དོན་གཅོད་ལས་ཁུངས་མདུན་འབྱོར་སྐབས། ༡༠།༠༨།༢༠༢༢
མཐུན་འགྱུར་པར་རིས།/RFA

ཁེ་ཎ་ཌའི་ནང་བོད་མི་གཞོན་སྐྱེས་ཁག་ཅིག་གིས་བོད་དོན་རྒྱང་རྒྱུག་གི་ལས་འགུལ་སྤེལ་བཞིན་པ་ལྟར་ལས་འགུལ་བ་རྣམས་(Montreal)་རྒྱ་ནག་གི་དོན་གཅོད་ལས་ཁུངས་མདུན་འབྱོར་འདུག
དེ་ཡང་ཉེ་ལམ་སྤྱི་ཟླ་༡༠བའི་ཚེས་༡ཉིན། ཁེ་ཎ་ཌའི་ནང་གི་བོད་མི་གཞོན་སྐྱེས་བདུན་གྱིས་བོད་དོན་ཆེད་དགོས་འདུན་དོན་ཚན་ཁ་ཤས་བཏོན་སྟེ། ཁེ་ཎ་ཌའི་ཊོ་རོན་ཊོར་ཡོད་པའི་རྒྱ་ནག་གི་ཚོང་འབྲེལ་དོན་གཅོད་ལས་ཁུངས་མདུན་ནས་རྒྱང་རྒྱུག་གི་ལས་འགུལ་སྤེལ་བཞིན་པ་ལྟར། འདི་ཚེས་༨ཉིན་ལས་འགུལ་བ་རྣམས་རེས་མོས་རྒྱང་རྒྱུག་བྱེད་བཞིན་ཁེ་ཎ་ཌའི་(Montreal)་ཁུལ་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་དོན་གཅོད་ལས་ཁུངས་མདུན་འབྱོར་ཡོད་པ་དང་། ཚེས་༩ཉིན་གྱི་ཞོགས་པར་ལས་འགུལ་བ་རྣམས་ཀྱིས་དེ་ཁུལ་གྱི་བོད་མི་ཁག་ཅིག་དང་མཉམ་རྒྱ་གཞུང་གི་དོན་གཅོད་ལས་ཁུངས་མདུན་དུ་འཛོམས་ནས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་པ་དང། ༧གོང་ས་མཆོག་སྐུ་ཚེ་བརྟན་པ་ཤོག བོད་མི་ཚོར་རང་དབང་དང་དྲང་བདེན་དགོས། མཉམ་འབྲེལ་རྒྱལ་ཚོགས་ག་རེ་གནང་གི་ཡོད་ཅེས་སྐད་འབོད་གནང་རྗེས། ཁེ་ཎ་ཌའི་(Montreal)་ནས་མུ་མཐུད་དུ་ཁེ་ཎ་ཌའི་རྒྱལ་ས་ཨོ་ཏྲ་ཝ་བར་དུ་བོད་དོན་རྒྱང་རྒྱུག་ལས་འགུལ་འགོ་བཙུགས་ཡོད་པ་རེད།
བོད་དོན་རྒྱང་རྒྱུག་ལས་འགུལ་གྱི་འབྲེལ་མཐུད་པ་ཟླ་བ་ནོར་བུ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་ཐེངས་ཀྱི་ལས་འགུལ་ནང་བོད་མི་བདུན་ཡོད་པ་ནས། གཉིས་ཀྱིས་རྐང་འཁོར་བསྐོར་བཞིན་རྒྱང་རྒྱུག་གི་ལམ་སྣེ་ཁྲིད་པ་དང་། ལྔ་ཡིས་རེས་མོས་བྱས་ནས་ཆ་སྙོམས་མི་རེ་ཉིན་རེར་སྤྱི་ལེ་༡༥ཙམ་རྒྱང་རྒྱུག་བྱས་ནས་བསྡོམས་ཉིན་རེར་སྤྱི་ལེ་༨༠ལྷག་རྒྱུག་བཞིན་ཡོད། ཁོང་རྣམ་པས་རྒྱང་རྒྱུག་གི་ལས་འགུལ་རིང་ལམ་བར་ནས་ས་གནས་མི་མང་མི་ཉུང་བས་རྒྱབ་སྐྱོར་དང་དོ་སྣང་ཡོང་བཞིན་འདུག་ཅེས་དང་། ལས་འགུལ་དེ་བཞིན་འདི་ཟླའི་ཚེས་༡༩ཉིན་མཇུག་སྒྲིལ་ཐུབ་པའི་རེ་བ་གནང་བཞིན་ཡོད་པ་གསུང་བྱུང་།
བོད་དོན་རྒྱང་རྒྱུག་གི་ལས་འགུལ་དེའི་ཕར་ཚུར་སྤྱི་ཡོངས་ཀྱི་ལམ་ཐག་སྤྱི་ལེ་༡༣༠༠ཙམ་ཡོད་པ་རེད་འདུག
ཁོང་ཚོས་རྒྱང་རྒྱུག་ལས་འགུལ་གྱི་དགོས་འདུན་དོན་ཚན་གསུམ་བཏོན་ཡོད་པ་ནི། ཁེ་ཎ་ཌ་གཞུང་དང་མི་མང་། རྒྱལ་སྤྱིའི་གཞུང་བཅས་ནས་བོད་རྒྱ་ཞི་མོལ་ཡོང་རྒྱུར་རྒྱབ་སྐྱོར་དགོས་པ་དང་། རྒྱ་ནག་གཞུང་གིས་ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་པ། དེ་བཞིན་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་བཅས་ཡིན་པ་རེད།

གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎