བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་ལྷ་སར་འདས་གྲོངས་སུ་ཕྱིན་ཡོད་འདུག

2023.05.08
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་ལྷ་སར་འདས་གྲོངས་སུ་ཕྱིན་ཡོད་འདུག བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས།
AFP

ཕྱི་ཟླ་༥་ཚེས་༨ཉིན་་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང་བརྩམས་སྒྲུང་རྩོམ་པ་པོ་པདྨ་ཚེ་བརྟན་ལགས་དགུང་གྲངས་༥༤་སྟེང་འདས་གྲོངས་སུ་ཕྱིན་ཡོད་པ་དང་། བོད་ནང་གི་འབྲེལ་ཡོད་བོད་མི་ཁག་ཅིག་ནས་པདྨ་ཚེ་བརྟན་ལགས་འདས་གྲོངས་སུ་ཕྱིན་པ་དངོས་བདེན་དང་། ཁོང་བོད་ཀྱི་རྒྱལ་ས་ལྷ་སར་འདས་གྲོངས་སུ་ཕྱིན་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག་ལ། ཡང་ཁོང་དང་འབྲེལ་འདྲིས་ཡོད་པའི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་པདྨ་ཚེ་བརྟན་ལགས་ནས་ལྷ་ས་མལ་གྲོ་གུང་དཀར་དུ་གློག་བརྙན་དང་འབྲེལ་བའི་ལས་དོན་ཞིག་དང་བསྟུན། སྙིང་ནད་རྐྱེན་་གྱིས་འདས་གྲོངས་སུ་ཕྱིན་ཡོད་པ་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་སོང་། 

པདྨ་ཚེ་བརྟན་ལགས་ནི་བོད་ཀྱི་དེང་རབས་གློག་བརྙན་བཟོ་སྐྲུན་པ་དང་རྒྱལ་སྤྱི་དང་རྒྱ་ནག་ནང་ཁོང་གི་གློག་བརྙན་དག་ལ་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད་ལ།ཁོང་གིས་སྔ་རྗེས་སུ་གློག་བརྙན་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་དང་ཐར་ལོ། གཞན་ཡང་ལག་དམར།དབུགས་ལྒང་སོགས་རྒྱལ་སྤྱིའི་སྒང་ཤུགས་རྐྱེན་ཆེ་བའི་གློག་བརྙན་ཁག་ཅིག་བཟོས་ཡོད་པ་རེད་ལ། བཙན་བྱོལ་བོད་མི་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་ལགས་ནས། པདྨ་ཚེ་བརྟན་ལགས་འདས་གྲོངས་སུ་ཕྱིན་པར་བློ་ཕམ་ཆེན་པོ་བྱུང་བ་དང་། པདྨ་ཚེ་བརྟན་ལགས་ལ་མཚོན་ན་བོད་ཀྱི་རིག་གཞུང་སྒང་ནས་རྒྱལ་སྤྱིའི་སྟེང་གློག་བརྙན་བཟོ་སྐྲུན་ཐད་སྐད་གྲགས་ཆེན་པོ་ཡོད་པ་དང་། བོད་ནང་གི་གནས་བབ་དཀའ་ཁག་ཆེན་པོས་འོག་ཏུ། བཙན་བྱོལ་ནང་གློག་བརྙན་བཟོ་སྐྲུན་པ་མང་པོ་མེད་སྐབས་ནས་པདྨ་ཚེ་བརྟན་ལགས་ནས་བོད་ནང་གི་གནས་སྟངས་དང་འགྱུར་བ་མཚོན་པའི་གློག་བརྙན་བཟོ་སྐྲུན་བྱས་པས། བོད་ཀྱི་གློག་བརྙན་ལ་བྱས་རྗེས་ཆེན་པོ་བཞག་མཁན་ཞིག་དང་། བོད་པའི་སྤྱི་ཚོགས་ལ་མཚོན་ན་ཁོང་འདས་གྲོངས་སུ་ཕྱིན་པ་དེ་གྱོང་གུད་ཆེན་པོ་ཞིག་དང་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།

པདྨ་ཚེ་བརྟན་ལགས་དེ་སྔ་ཕྱི་ལོ་༢༠༡༦ལོར་ཟི་ལིང་གནམ་ཐང་དུ་རྒྱ་ནག་ཉེན་རྟོག་པའི་འཛིན་བཟུང་གིས་གཅར་བརྡུང་རྐྱེན་གྱིས་ཡུན་རིང་སྨན་ཁང་དུ་ཉལ་དགོས་བྱུང་ཡོད་པ་རེད་ལ། ཐེངས་འདིར་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་དྲ་ལམ་དུ་ཁྱབ་རྗེས་བོད་ནང་གི་སྐད་འཕྲིན་དང་ཝེ་པོ་སྤྱི་ཚོགས་དྲ་ལམ་སོགས་སུ་ཁོང་ལ་ཕངས་སེམས་དང་གདུང་སེམས་མཉམ་སྐྱེད་རིགས་སྣ་ཚོགས་སྤེལ་བཞིན་པ་ལས། བོད་མི་ཁག་ཅིག་ནས་ན་ནིང་དང་ད་ལོ་བོད་མི་ཤེས་ཡོན་ཅན་དང་འཇོན་ནུས་ཅན་མང་དག་ཅིག་གློ་བུར་འདས་གྲོངས་སུ་ཕྱིན་ཡོད་པ་དང་འབྲེལ། པདྨ་ཚེ་བརྟན་ལགས་ཀྱི་འདས་རྐྱེན་ལ་དོགས་སློང་བྱེད་བཞིན་པའི་གནས་ཚུལ་ཀྱང་མཐོང་རྒྱུ་འདུག་ལ། རྒྱ་ནག་གི་གསར་ལམ་ཁག་ཏུ་ཁོང་འདས་གྲོངས་སུ་ཕྱིན་པས་རྒྱ་ནག་གི་གློག་བརྙན་ཁྲོམ་རར་གྲོང་གུད་བྱུང་ཡོད་པ་སོགས་སྤེལ་བཞིན་འདུག

པདྨ་ཚེ་བརྟན་ལགས་ཀྱིས་ཁོང་གི་གློག་བརྙན་འཁྲབ་ཁྲིད་ཆེས་མཐའ་མ་དེ་སིང་སྤང་བཀྲ་ཞེས་པ་འདི་ལོའི་ཕྱི་ཟླ་༣དངོས་སུ་ཕབ་སྐྲུན་ཚར་ནས་ཡོངས་བསྒྲགས་བྱས་ཡོད་པ་དང་འབྲེལ། ཕྱི་ཟླ་༤ནང་ཁོང་གིས་རྒྱ་ནག་གི་པེ་ཅིན་རྒྱལ་སྤྱིའི་གློག་བརྙན་བཟོ་སྐྲུན་སྡེ་ཚན་གྱི་མ་འོངས་པར་སྙེག་པ་(Focus on the Future)ཞེས་པའི་འགན་འཛིན་གྱི་ལས་འགན་ཡོལ་ཡོད་པ་དང་། རྒྱལ་སྤྱིའི་སྟེང་པདྨ་ཚེ་བརྟན་ལགས་བོད་སྐད་གློག་བརྙན་འཛམ་གླིང་སྒང་དུ་སྐྱེལ་བའི་སྣེ་ཁྲིད་པ་དང་ལག་ལེན་པའི་ངོས་འཛིན་བྱེད་བཞིན་ཡོད་པ་རེད་ལ། ཁོང་གི་གློག་བརྙན་དག་གིས་བོད་རང་གི་འཚོ་བ་དང་གཏམ་རྒྱུད་དངོས་བྲིས་བྱས་ཡོད་པས་རྒྱལ་སྤྱི་དང་རྒྱ་ནག་ནང་དུ་ཁོང་ལ་གདེང་འཇོག་གི་དཔྱད་བརྗོད་མང་དག་ཅིག་སྤེལ་མཁན་བྱུང་ཡོད་པ་རེད།

པདྨ་ཚེ་བརྟན་ལགས་ནི་ཕྱི་ལོ་༡༩༦༩མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སྐྱེས་ཤིང་། ཁོང་གིས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་པེ་ཅིན་གློག་བརྙན་སློབ་གླིང་སོགས་སུ་བོད་ཀྱི་རྩོམ་རིག་དང་གློག་བརྙན་ལས་རིགས་ལ་སློབ་གཉེར་གནང་ཡོད་པ་དང་། ཁོང་གློག་བརྙན་གསར་རྩོམ་གྱི་ལས་ཀར་མ་ཞུགས་པའི་སྔོན་དུ་བོད་ཡིག་དང་རྒྱ་ཡིག་གི་ལམ་ནས་སྒྲུང་གཏམ་གསར་རྩོམ་བྱེད་མཁན་རྩོམ་པ་པོ་ཞིག་ཡིན་པ་དང་། ཁོང་གིས་བོད་ཡིག་གི་ལམ་ནས་བརྩམས་པའི་སྒྲུང་དེབ་གཙོ་བོར་བསླུ་བྲིད་དང་གྲོང་ཁྱེར་གྱི་འཚོ་བ། མོག་མོག་གི་ནུབ་ཁའི་ཉི་མ། དེ་བཞིན་རྒྱ་ཡིག་གི་ལམ་ནས་བརྩམས་པའི་སྒྲུང་དེབ་གཙོ་བོར་ཨོ་རྒྱན་གྱི་སོ། དབུགས་ལྒང། གཏམ་རྒྱུད་ཀྱི་ཕྱེད་ཙམ་ལས་བཤད་མ་ཚར་སོགས་ཡོད་པ་དང་། ཁོང་གི་བརྩམ་སྒྲུང་ཁག་ཉི་ཧོང་དང་རྒྱ་ཡིག་དབྱིན་ཡིག་སོགས་སུ་བསྒྱུར་ཡོད་པ་དང་། ཁོང་ལ་རྒྱལ་སྤྱི་དང་རྒྱ་ནག་ནང་བྱ་དགའ་མང་དག་ཅིག་ཐོབ་ཡོད་པ་ལས་ལྷོ་ཀོ་རི་ཡའི་བྷོ་སན་ཨེ་ཤ་ཡའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་། ཁོང་ལ་ཆེས་ཁྱད་དུ་འཕགས་པ་དང་མིག་རྒྱང་རིང་བའི་ཨེ་ཤ་ཡའི་སྐར་ཆེན་གྱི་མཚན་སྙན་བྱ་དགའ་དང་། ཐའེ་ཝན་གྱི་གསེར་གྱི་རྟ་མཆོག་བྱ་དགའ་སོགས་ཀྱང་ཐོབ་ཡོད་འདུག

 

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎